ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཁོས་ཉིན་དེར་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ལ་ཁ་པར་བཏང་སྟེ། ཧང་ག་རིའི་སྲིད་གཞུང་གིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་ཡོད་ཟེར།
ཨིག་ཨར་པན་གྱིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཁོས་མུ་མཐུད་དུ་ཧང་ག་རིའི་རྒྱལ་ཚོགས་ཀྱིས་འདེམ་ཤོག་འཕངས་ནས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་རྒྱབ་སྐྱོར་བྱེད་པར་སྐུལ་མ་གཏོང་རྒྱུ་མ་ཟད། དུས་ཐོག་ཏུ་ཆོག་མཆན་འགོད་པའི་ལས་རིམ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར།
སི་ཐའོ་ཨར་ཐིན་པེ་ཀི་ཡིས་དེའི་རྗེས་སུ་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཨིག་ཨར་པན་དང་ཧང་ག་རིའི་སྲིད་གཞུང་གིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་མངོན་གསལ་གྱིས་རྒྱབ་སྐྱོར་བྱས་པར་དགའ་བསུ་ཞུས་པ་དང་། ཧང་ག་རིའི་རྒྱལ་ཚོགས་ཀྱིས་ཡང་བསྐྱར་ཚོགས་འདུ་བསྡུས་རྗེས། སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་ཇུས་གཞི་དེར་མྱུར་མོར་ཆོག་མཆན་འགོད་པར་རེ་སྒུག་བྱེད་པའི་ཚུལ་བསྟན།
ཧང་ག་རིའི་རྒྱལ་ཚོགས་ཀྱི་དཔྱིད་ཀའི་ཚོགས་འདུ་ཟླ་གཉིས་པའི་ཟླ་སྨད་དུ་ཚོགས་རྒྱུར་ཐག་བཅད་ཡོད། ཧང་ག་རིའི་སྲིད་གཞུང་གིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པར་རྒྱལ་ཚོགས་ལ་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གྲོས་ཆོད་ཡི་གེའི་གྲོས་གཞི་སྤྲད་ཡོད་ཀྱང་། རྒྱལ་ཁབ་གཉིས་བར་གནད་དོན་མང་བོའི་ཐད་འགལ་བ་ཡོད་པའི་དབང་གིས་འབྲེལ་ཡོད་ཀྱི་འདེམ་ཤོག་འཕེན་པའི་ལས་རིམ་དེ་ཧང་ག་རི་རྒྱལ་ཚོགས་ཀྱི་གྲོས་རིམ་ནང་བཞག་མེད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།