ཐུར་ཁེ་དང་དབྱི་ལིང་གི་མགོ་ཁྲིད་པས་ཕཱ་ལེ་སི་ཐན་གྱི་གནད་དོན་ནི་ཐུན་མོང་གིས་དོ་སྣང་བྱེད་པའི་གནད་ས་ཡིན་པའི་ཚུལ་བསྟན།
2024.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་བཞི་ཉིན་རྒྱལ་ས་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གཙོ་བོ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནས་བབ་ཛ་དྲག་ཏུ་གྱུར་བའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཕཱ་ལེ་སི་ཐན་གྱི་གནད་དོན་ནི་ཐུར་ཁེ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱིས་དོ་སྣང་བྱེད་པའི་ཐུན་མོང་གི་གནད་དོན་གཙོ་བོ་ཡིན་པ་ནན་བཤད་བྱས།

ཨེ་ཨར་ཏའོ་ཨན་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཁོ་དང་ལའེ་ཞེ་གཉིས་ཀྱིས་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་དགོས་གལ་རང་བཞིན་དང་བྲེལ་མྱུར་རང་བཞིན་ལ་གྲོས་བསྡུར་བྱས། འབྲེལ་ཡོད་ཕྱོགས་སོ་སོས་ས་ཁུལ་དེའི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་བཟོ་བའི་འགུལ་སྐྱོད་སྤེལ་བར་སྔོན་འགོག་བྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་མགྱོགས་པོར་བྲེལ་མྱུར་བྱེད་ཐབས་སྤྱད་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་དུ་དྲང་བདེན་དང་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཕཱ་ལེ་སི་ཐན་གྱི་དྲང་བདེན་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། གནད་དོན་དེའི་ཐད་ནས་མུ་མཐུད་དུ་མཉམ་ལས་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར།

ལའེ་ཞེ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་དག་གི་གནད་དོན་གཙོ་བོ་ནི་ཕཱ་ལེ་སི་ཐན་གྱི་གནད་དོན་རེད། འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པར་བསྒྲགས་མཁན་དག་འགན་འཛོལ་བྱུང་ཡོད་པ་དང་། ང་ཚོས་ཕཱ་ལེ་སི་ཐན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།

ལའེ་ཞེ་ཡིས་ཉིན་དེར་ཐུར་ཁེ་ལ་དུས་ཡུན་ཉིན་གཅིག་གི་དངོས་གཞིའི་འཚམས་འདྲི་བྱས་པ་དང་། ཨེ་ཨར་ཏོ་ཨན་དང་མཉམ་དུ་ཨན་ཁཱ་ལཱ་ནས་དབྱི་ལིང་དང་ཐུར་ཁེའི་མཐོ་རིམ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པར་མགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་ད་རུང་ནུས་ཁུངས་དང་གནས་སྐོར། ཉོ་ཚོང་། འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་སྣ་བཅུ་ལྷག་བཀོད།


བསོད་ནམས་ཚེ་རིང་གིས་བསྒྱུར།