ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲུ་ཁའི་མནའ་འབྲེལ་བཙུགས་ནས་རྩ་འཛུགས་ཡོད་པའི་ནག་ཉེས་དང་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་བཏང་།
2024.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བཞི་ཉིན་ཡོ་རོབ་གླིང་གྲུ་ཁའི་མནའ་འབྲེལ་དངོས་སུ་བཙུགས་ཏེ། གྲུ་ཁར་དུག་རྫས་ལྐོག་འཚོང་དང་ནག་ཉེས་བྱ་སྤྱོད་མི་འབྱུང་བར་སྲུང་སྐྱོབ་བྱེད་པའི་ཐག་གཅོད་ཇུས་གཞི་གཏན་འབེབས་བྱས་ནས། རྩ་འཛུགས་ཡོད་པའི་ནག་ཉེས་དང་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཡོ་རོབ་གླིང་གྲུ་ཁའི་མནའ་འབྲེལ་དེ་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་པུས་ལི་ཧྲི། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ། གྲུ་ཁའི་དབང་འཛིན་ལས་ཁུངས། ཡོ་རོབ་གླིང་མཐུན་ཚོགས། ཡོ་རོབ་གླིང་ལས་ཁུངས། དེ་མིན་སྒོ་གཅན་དང་ཁྲིམས་བསྟར་ལས་ཁུངས་བཅས་ཀྱི་འཐུས་མིས་མཉམ་དུ་སྤེལ་བ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ན་ནིང་ཟླ་བཅུ་བར་གྲོས་མཐུན་བཀོད་པའི་དུག་རྫས་ལྐོག་འཚོང་དང་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་ལམ་ཐིག་ཇུས་གཞིའི་རྗེས་མཐུད་ཀྱི་འགུལ་སྐྱོད་ཅིག་རེད། མནའ་འབྲེལ་གྱི་དམིགས་འབེན་ནི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྒོ་གཅན་གྱིས་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བར་སྐུལ་སློང་དང་། གྲུ་ཁའི་ཁྲིམས་བསྟར་འགུལ་སྐྱོད་ལ་ཤུགས་སྣོན་བྱེད་པ། གཞུང་སྒེར་གྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བར་རམ་འདེགས་བྱེད་ཆེད་རེད།

མཚམས་སྦྱོར་བྱས་པ་ལྟར་ན། གྲུ་ཁ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་ཉོ་ཚོང་ཚད་ཀྱི་བརྒྱ་ཆའི་དོན་ལྔ་དང་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་ཉོ་ཚོང་ཚད་ཀྱི་བརྒྱ་ཆའི་སོ་གཅིག་གཞུང་ལ་ཕུལ་ཡོད་པས། དུག་རྫས་ལྐོག་འཚོང་གི་ཤུགས་རྐྱེན་དང་ཉེན་ཁ་ཆེ་བའི་ནག་ཉེས་ཀྱིས་བེད་སྤྱོད་བྱེད་སླ་བ་ཡིན། ནག་ཉེས་བཟོ་མཁན་གྱིས་གྲུ་ཁ་བེད་སྤྱད་དེ་དུག་རྫས་སོགས་ཁྲིམས་འགལ་དངོས་ཟོང་བསྡུས་པའི་ཟོང་སྒམ་དེ་ཡོ་རོབ་གླིང་མནའ་འབྲེལ་དུ་སྐྱེལ་བཞིན་ནས་ཡོ་རོབ་གླིང་མནའ་འབྲེལ་ལ་བདེ་འཇགས་ཀྱི་འཇིགས་ཉེན་ཆེན་པོ་བཟོ་བཞིན་ཡོད། ནག་ཉེས་བཟོ་མཁན་གྱིས་ཐལ་སྤྱོད་དྲག་ཤུགས་དང་རུལ་སུངས། འཇིགས་སྐུལ་བཅས་ཀྱི་བྱེད་ཐབས་སྤྱད་ནས་ཁེ་སྤོགས་ལེན་བཞིན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།