ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཝུའུ་ཁི་ལན་གྱི་བཟུང་དམག་རེ་ལྔ་དྲུད་པའི་སྐྱེལ་འདྲེན་གནམ་གྲུ་ཞིག་པེ་ཨར་ཀི་ལོ་ཏི་མངའ་སྡེ་ནས་སར་ལྷུང་བའི་ཚུལ་བསྟན།
2024.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བཞི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་བཟུང་དམག་རེ་ལྔ་དྲུད་པའི་ཨུ་རུ་སིའི་དམག་དཔུང་གི་སྐྱེལ་འདྲེན་གནམ་གྲུ་ཞིག་ཉིན་དེར་ཨུ་རུ་སིའི་པེ་ཨར་ཀི་ལོ་ཏི་མངའ་སྡེ་ནས་སར་ལྷུང་ཟེར།

བསྒྲགས་པ་ལྟར་ན། མའོ་སི་ཁོའི་སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ། འཕུར་སྐྱོད་ལས་འགན་ལག་བསྟར་བྱེད་པའི་དབྱེ་ཨར-76རྟགས་ཅན་གྱི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་ཞིག་པེ་ཨར་ཀི་ལོ་ཏི་མངའ་སྡེ་ནས་སར་ལྷུང་། གནམ་གྲུའི་སྟེང་དུ་ཝུའུ་ཁི་ལན་གྱི་བཟུང་དམག་རེ་ལྔ་དྲུད་ཡོད་པ་དང་། སྔོན་གྱི་འཆར་གཞི་ལྟར་ན་བཟུང་དམག་དེ་དག་པེ་ཨར་ཀི་ལོ་ཏི་མངའ་སྡེ་རུ་དྲུད་ནས་བརྗེ་སྤོར་བྱེད་རྩིས་ཡོད་པ་རེད། དེ་ལས་གཞན་གནམ་གྲུའི་སྟེང་དུ་ད་རུང་ལས་བྱེད་མི་སྣ་དྲུག་དང་འགེབས་སྲུང་མི་སྣ་གསུམ་ཡོད། ཨུ་རུ་སིའི་མཁའ་དམག་གིས་མི་སྣ་མངག་ནས་གནམ་གྲུ་ལྷུང་སའི་གནས་སུ་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེར་དཔྱད་བརྗོད་སྤེལ་ཐབས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།