དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་བཞི་ཉིན་འཐབ་འཁྲུག་གནས་ཚུལ་གྱི་སྤྱི་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་མང་བོ་བསད་ཡོད་ཟེར། ཅཱ་ཧྲ་ས་ཁུལ་གྱིས་བཤད་རྒྱུར། འདས་པའི་ཉིན་གཅིག་གི་ནང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འགུལ་སྐྱོད་སྤེལ་བ་ལས་མི་བརྒྱ་དང་གོ་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཧན་ཡུག་ནེ་སི་ས་ཁུལ་ནས་མུ་མཐུད་དུ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིར་དཔུང་འཇུག་བྱེད་པར་ཤུགས་སྣོན་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་མང་བོ་ཚར་གཅོད་བྱས་ཡོད། མཁའ་དམག་གིས་ས་ངོས་དམག་དཔུང་ལ་རོགས་འདེགས་བྱས་ཏེ་རང་ཕྱོགས་ལ་འཇབ་རྒོལ་བྱེད་རྩིད་ཡོད་པའི་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་གཙང་སེལ་བྱས་པར་མ་ཟད། ཧཱ་མཱ་སིའི་རྨང་གཞིའི་སྒྲིག་ཆས་ལ་ཆམ་ཕབ་བཏང་ཡོད་ཟེར། སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་ནས། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཚེས་ཉེར་གསུམ་ཉིན་ཀྱང་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་མང་བོ་བསད་ཡོད་ཟེར།
ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་ལས་ཁུངས་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། འདས་པའི་ཉིན་གཅིག་གི་ནང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་འགུལ་སྐྱོད་སྤེལ་བ་ལས་མི་བརྒྱ་དང་གོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་དང་ང་བཞིར་རྨས་ཕོག་ཡོད་ཟེར།
གཞན་ཡང་དབྱི་སི་རལ་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཧན་ཡུག་ནེ་སི་ས་ཁུལ་ནས་རིང་ཚད་ལ་སྤྱི་ལེ་གཅིག་དང་གྲངས་ཆུང་ལྔ་ཡོད་པའི་ཧཱ་མཱ་སིའི་ས་འོག་ཕུག་ལམ་དྲ་བ་ཞིག་རྙེད་པ་དང་། དེ་ནི་ད་ལྟའི་བར་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་ནས་རྙེད་པའི་མེ་ཤུགས་འཕུར་མདའི་ས་འོག་གི་ཐོན་སྐྱེད་རྟེན་གཞི་ཆེས་ཆེན་པོ་ཞིག་ཡིན་ལ། ཕུག་ལམ་གྱི་དོང་ཁ་དབྱི་སི་རལ་གྱི་དམག་དཔུང་གིས་གཏོར་བཤིག་བཏང་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།