དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ཡུལ་གྱར་བའི་སྒར་སར་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།
2024.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལེ་ཐི་ཡུལ་གྱར་བའི་སྒར་སའི་སྡོད་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་ས་དེའི་གསར་འགོད་པ་གཅིག་དང་ཁོའི་ཁྱིམ་མི་མང་བོ་རྐྱེན་ལམ་དུ་ཤོར། མིག་སྔར་མི་མང་བོ་ཁང་བའི་ཞིག་རོའི་འོག་མནན་ཡོད་ལ། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་དུ་གཅིག་བསྡུས་འགས་གཏོར་བཏང་ནས་ཤི་རྨས་ཚབས་ཆེན་བཟོས་ཡོད་ལ། ས་དེའི་སྨན་ཁང་མང་བོར་དབྱི་སི་རལ་གྱི་དམག་དཔུང་གི་འགས་གཏོར་ཤུགས་རྐྱེན་ཐེབས་པས་རྒྱུན་ལྡན་ངང་བྱ་བ་བྱེད་ཐབས་མེད་ཟེར།

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་ལྔ་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་བསྡོམས་པས་མི་ཉིས་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་དང་བདུན་བཅུར་རྨས་ཕོག་ཡོད་ཟེར། ན་ནིང་ཟླ་བཅུ་བའི་ཚེས་བདུན་ཉིན་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ལས་མི་ཁྲི་གཉིས་དང་སྟོང་ལྔ་དགུ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་དྲུག་དང་སྟོང་བཞི་ལྷག་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།