དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་གྱི་རྒུད་སྐྱོབ་དངོས་རྫས་སྟེར་ས་ཞིག་ལ་འཇབ་རྒོལ་བྱས།
2024.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་ཅཱ་ཧྲ་མཁར་གྱི་རྒུད་སྐྱོབ་དངོས་རྫས་སྟེར་ས་ཞིག་ཏུ་ཚོགས་པའི་མི་ཚོགས་ལ་དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ལྔ་བཅུར་རྨས་ཕོག་ཡོད་ཟེར།

ས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་བྱུང་སའི་ཉེ་འདབས་ས་ཁུལ་དུ་མེ་མདའ་དང་འགས་གཏོར་གྱི་སྒྲ་མང་དུ་ཐོས་ཐུབ་པ་དང་། ཤི་རྨས་ཐེབས་པའི་མི་མང་བོ་ཅཱ་ཧྲ་མཁར་གྱི་ཞི་ཧྥ་སྨན་ཁང་དུ་བསྐྱལ་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་སྤེལ་བའི་གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཞི་ཧྥ་སྨན་ཁང་དུ་མིག་སྔར་སྨན་བཅོས་མཁོ་དངོས་དཀོན་པའི་དབང་གིས་ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།