ཨེ་ཀྭ་ཏོར་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ཏུན་ཉེར་གཅིག་ལྷག་མེད་པར་གཏོང་རྒྱུའི་འཆར་གཞི་ཡོད།
2024.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཨེ་ཀྭ་ཏོར་གྱི་ནང་སྲིད་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། མིག་སྔར་ཨེ་ཀྭ་ཏོར་ནུབ་ཕྱོགས་ས་ཁུལ་ནས་རྩད་ཆོད་པའི་དུག་རྫས་ཏུན་ཉེར་གཅིག་ལྷག་མེད་པར་གཏོང་བར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

ཨེ་ཀྭ་ཏོར་གྱི་ནང་སྲིད་པུའུ་ཡིས་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་ལོ་སི་ལི་ཨོ་སི་ཞིང་ཆེན་གྱི་པེན་སེ་སི་གྲོང་ཁྱེར་གྱི་གཞིས་ཀ་ཞིག་གི་ས་དོང་ལས་དུག་རྫས་ཏུན་ཉེར་གཅིག་ལྷག་རྩད་ཆོད་པ་དང་། ཚེས་ཉེར་ལྔ་ཉིན་དུག་རྫས་དེ་དག་རྒྱལ་ས་ཅི་ཏའོ་རུ་བསྐྱལ་ནས། བདེ་འཇགས་ལས་སྣོན་བྱས་རྗེས་དེ་མེད་པར་གཏོང་རྩིས་ཡོད་ཟེར། དུག་རྫས་མེད་པར་གཏོང་བའི་བརྒྱུད་རིམ་ཧྲིལ་བོར་ཨེ་ཀྭ་ཏོར་ཉེན་རྟོག་ཕྱོགས་ཀྱིས་ལྟ་རྟོག་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། དུག་རྫས་དེ་དག་ཁུག་མ་ཆུང་བ་བདུན་བརྒྱ་དང་སོ་གསུམ་ནང་བསྡུས་ཡོད་པ་དང་། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་། མེ་གླིང་བྱང་མ། མེ་གླིང་དབུས་མ་བཅས་སུ་སྐྱེལ་རྩིས་ཡོད་པ་རེད། དེ་ནི་ཨེ་ཀྭ་ཏོར་དུ་རྒྱལ་ནང་གི་དྲག་ཆས་འཁྲུག་རྩོད་བྱུང་བའི་ཚུན་ལ། བདེ་འཇགས་དམག་དཔུང་གིས་རྩད་ཆོད་པའི་དུག་རྫས་ཆེས་མང་བའི་ཐེངས་ཤིག་རེད།

ཨེ་ཀྭ་ཏོར་ནས་བསྟུད་མར་དུག་རྫས་ལྐོག་འཚོང་མཁན་བཙོན་ཁང་ནས་བྲོས་བྱོལ་བྱས་པ་དང་། བཙོན་ཁང་ནས་ཟིང་འཁྲུག་བྱུང་བ། དྲག་ཆས་མི་སྣ་བརྙན་འཕྲིན་ཁང་དུ་ཤོར་ནས་ལས་བྱེད་མི་སྣ་བཙན་ཁྲིད་བྱས་པ་སོགས་ཀྱི་དོན་རྐྱེན་མང་དུ་བྱུང་བའི་དབང་གིས་ཨེ་ཀྭ་ཏོར་གྱི་ཙུང་ཐུང་ནོའུ་བོ་ཡཱ་ཡིས་ཚེས་དགུ་ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཨེ་ཀྭ་ཏོར་རྒྱལ་ནང་གི་དྲག་ཆས་འཁྲུག་རྩོད་རྣམ་པར་གནས་པ་ཁྱབ་བསྒྲགས་བྱས་ནས། དྲག་ཆས་དམག་དཔུང་དང་ཉེན་རྟོག་པས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཀྱི་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་། མིག་སྔའི་བར་དུ། ཨེ་ཀྭ་ཏོར་གྱི་བདེ་འཇགས་དམག་དཔུང་གིས་དམག་དོན་འགུལ་སྐྱོད་ཐེངས་ཁྲི་བཞི་དང་སྟོང་བཞི་ལྷག་སྤེལ་ནས། མི་སྟོང་གསུམ་དང་དྲུག་བརྒྱ་ལྷག་འཛིན་བཟུང་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།