ཐུར་ཁེ་ཡིས་ཚེས་ཉེར་ལྔ་ཉིན་དཔོན་ཕྱོགས་ཀྱི་སྤྱི་སྒྲོག་སྤེལ་ཏེ། སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་དངོས་སུ་ཆོག་མཆན་བཀོད་པ་ཁྱབ་བསྒྲགས་བྱས།
དེ་ལས་ཐུར་ཁེའི་གྲོས་ཁང་གིས་ཚེས་ཉེར་གསུམ་ཉིན་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གྲོས་ཆོད་ཡི་གེའི་གྲོས་གཞིར་ཆོག་མཆན་བཀོད་རྗེས། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་མིང་བཀོད་ནས་ཆོག་མཆན་བཀོད་པ་མཚོན་ཡོད།
མིག་སྔར་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ལས་ཧང་ག་རི་ཡིས་ད་རུང་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་ཆོག་མཆན་བཀོད་མེད། ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་ཚེས་ཉེར་བཞི་ཉིན་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ལ་ཁ་པར་བཏང་སྟེ། ཧང་ག་རིའི་སྲིད་གཞུང་གིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས།
སུའེ་ཏེན་དང་ཧྥུན་ལན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་བར་དུས་མཉམ་དུ་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་རེ་ཞུ་བཏོན། ལས་རིམ་ལྟར་ན་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་གཅིག་གྱུར་ཡིད་འཐད་བྱུང་ན་ད་གཟོད་ཁོངས་གཏོགས་རྒྱལ་ཁབ་གསར་བ་བསྡུ་ལེན་བྱས་ཆོག ཧྥུན་ལན་ལ་ན་ནིང་ཟླ་བཞི་བར་ཆོག་མཆན་དངོས་སུ་ཐོབ་ནས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།