ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དབྱིན་ཇིའི་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2024.01.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་ཉིན་དེར་ཡཱ་ཏེན་མཚོ་ཁུགས་སུ་བགྲོད་པའི་དབྱིན་ཇིའི་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་འཕུར་མདའ་འགའ་གཏོང་འཕེན་བྱས་པ་དང་། སྣུམ་འདྲུད་གྲུ་གཟིངས་ལ་ཕོག་ཡོད་པ་དང་རྗེས་སུ་མེར་འབར་བ་རེད་ཟེར།

སཱ་ལོས་ཡཱ་ཡིས་བཤད་རྒྱུར། སྣུམ་འདྲུད་གྲུ་གཟིངས་དེ་ནི་དབྱིན་ཇིའི་ཀུང་ཟིར་དབང་བའི་མཱ་ལིན་ལོ་ཨན་ཏཱ་རྟགས་ཅན་ཡིན་ལ། ཧུའུ་སེ་དྲག་ཆས་པས་སྤྱོད་འོས་པའི་དམག་དོན་བྱེད་ཐབས་གང་རུང་སྤྱད་དེ་ཡེ་མིན་ལ་སྲུང་སྐྱོབ་དང་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

དབྱིན་ཇིའི་མཚོ་ཐོག་ཉོ་ཚོང་འགུལ་སྐྱོད་གཞུང་སྒྲུབ་ཁང་གིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཚོང་དོན་གྲུ་གཟིངས་ཤིག་ལ་ཡེ་མིན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཡཱ་ཏེན་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་བཅུ་གཅིག་གི་མཚམས་སུ་འཕུར་མདའི་འཇབ་རྒོལ་ཐེབས་ནས་མེར་འབར་བ་དང་། གྲུ་གཟིངས་སྟེང་གི་མི་སྣས་བྲེལ་མྱུར་རོགས་སྐྱོར་བྱེད་པའི་རེ་ཞུ་བཏོན་ཡོད་ཟེར།

ཁྱབ་བསྒྲགས་བྱས་པའི་རྒྱུ་ཆ་ལྟར་ན། མཱ་ལིན་ལོ་ཨན་ཏཱ་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་དེ་ནི་ཉིས་སྟོང་བཅོ་བརྒྱད་ལོར་བཟོས་པ་དང་། དབྱིན་ཇིའི་ཀུང་ཟི་ཞིག་ལ་དབང་བ་རེད། འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་ལྕགས་རིགས་དང་རྡོ་སྣུམ་ཉོ་ཚོང་ཚོང་བ་ཐའོ་ཁི་སྡེ་ཚོགས་ཀྱིས་ཚེས་ཉེར་དྲུག་ཉིན་བདེན་དཔང་བྱས་དོན། སྡེ་ཚོགས་དེའི་མཱ་ལིན་ལོ་ཨན་ཏཱ་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་ལ་ཡེ་ཏེན་མཚོ་ཁུགས་ནས་འཕུར་མདའི་འཇབ་རྒོལ་ཐེབས་ནས་མེར་འབར་བ་དང་། གྲུ་གཟིངས་སྟེང་གི་མི་སྣ་དག་མྱུར་སྐྱོབ་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཡཱ་ཏེན་མཚོ་ཁུགས་སུ་བགྲོད་པའི་ཨ་མེ་རི་ཁའི་འཕུར་མདའི་མཐར་སྐྲོད་གྲུ་གཟིངས་ཁཱ་ནེ་རྟགས་ཅན་ལ་འཕུར་མདའ་འགས་གཏོང་འཕེན་བྱས་པ་དང་། འཕུར་མདའ་དག་ཁཱ་ནེ་རྟགས་ཅན་གྱིས་བདེ་བླག་ངང་བཀག་ཡོད་པས། མི་སྣར་ཤི་རྨས་དང་གྲུ་གཟིངས་ལ་གཏོར་བརླག་ཐེབས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།