ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། མི་རྣམས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མའི་པུས་ལེ་ཐའོ་ལེ་ཡཱ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲུན་གཅོད་ཡུལ་དངོས་ཀྱི་བརྒྱུད་གཏོང་ལ་ལྟ་བཞིན་པ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཚེས་ཉེར་དྲུག་ཉིན་ཧེ་ཡཱ་ནས་བཀག་རྒྱའི་ནུས་པ་ལྡན་པའི་གནས་སྐབས་ཀྱི་བྱེད་ཐབས་ཁྱབ་བསྒྲགས་བྱས་ཏེ། དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིགས་རྒྱུད་ཚར་གཅོད་བྱེད་པའི་ནག་ཉེས་སྔོན་འགོག་དང་ཆད་གཅོད་བཅོས་སྐྱོང་བྱེད་པའི་སྤྱི་ཆིངས་བརྩི་སྲུང་བྱས་ཏེ། ཅཱ་ཧྲ་ས་ཁུལ་དུ་ཕཱ་ལེ་སི་ཐན་གྱི་མིའི་རིགས་རྒྱུད་ཚར་གཅོད་བྱེད་པའི་བྱ་སྤྱོད་འབྱུང་བར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།
ན་ནིང་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། དབྱི་སི་རལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ རིགས་རྒྱུད་ཚར་གཅོད་བྱེད་པའི་ནག་ཉེས་སྔོན་འགོག་དང་ཆད་གཅོད་བཅོས་སྐྱོང་བྱེད་པའི་སྤྱི་ཆིངས་ལ་འགལ་བའི་སྒོ་ནས་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་མི་དམངས་ལ་རིགས་རྒྱུད་ཚར་གཅོད་བྱེད་བཞིན་ཡོད་པའི་སྐྱོན་འཛུགས་བྱས་པ་དང་། དེའི་ཞོར་དུ་རྒྱལ་སྤྱིའི་ཁྲིམས་ཁང་གིས་བྱེད་ཐབས་སྤྱད་ནས་ཕཱ་ལེ་སི་ཐན་གྱི་མིར་སྤྱི་ཆིངས་དེ་ལས་ཡོད་པའི་ཁེ་དབང་ལ་སྔར་ལས་གཏོར་བརླག་ཐེབས་པར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། དེའི་རྗེས་སུ་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཞུ་གཏུག་དེའི་ཐད་ནས་ཉན་ཞིབ་གྲོས་ཚོགས་བསྡུས་པ་རེད།
རྒྱལ་སྤྱིའི་ཁྲིམས་ཁང་གི་ཡོན་ཀྲང་ཏའོ་ནོའུ་ཧའོ་ཡིས་ཚེས་ཉེར་དྲུག་ཉིན་ཁྲུན་གཅོད་ཡི་གེ་སྒྲོག་འདོན་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་གནོད་འཚེ་རང་བཞིན་གྱི་མི་ཆོས་རིང་ལུགས་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁ་ཆེན་པོར་འཕྲད་ཡོད་ལ། དབྱི་སི་རལ་གྱིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིགས་རྒྱུད་ཚར་གཅོད་བྱེད་པའི་ནག་ཉེས་སྔོན་འགོག་དང་ཆད་གཅོད་བཅོས་སྐྱོང་བྱེད་པའི་སྤྱི་ཆིངས་ལས་གཏན་འཁེལ་བྱས་པའི་འོས་འགན་བརྩི་སྲུང་བྱེད་པ་དང་། སྤྱོད་འོས་པའི་བྱེད་ཐབས་གང་རུང་སྤྱད་ནས་ཅཱ་ཧྲ་ས་ཁུལ་ནས་ཕཱ་ལེ་སི་ཐན་གྱི་མིར་དམིགས་པའི་རིགས་རྒྱུད་ཚར་གཅོད་ཀྱི་བྱ་སྤྱོད་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།
ཁྲུན་གཅོད་ཡི་གེ་ལས་བཤད་རྒྱུར། དབྱི་སི་རལ་གྱིས་རང་གི་དམག་དཔུང་གིས་རིགས་རྒྱུད་ཚར་གཅོད་མི་བྱེད་པའི་བྱ་སྤྱོད་གང་རུང་མི་སྤེལ་བར་འགན་སྲུང་བྱེད་དགོས་པ་དང་། ཞོར་དུ་སྤྱོད་འོས་པའི་བྱ་སྤྱོད་གང་རུང་སྤྱད་ནས་རིགས་རྒྱུད་ཚར་གཅོད་ཀྱི་བྱ་སྤྱོད་གང་རུང་ལག་བསྟར་བྱེད་པའམ་ངན་སྐུལ་བྱེད་པར་སྔོན་འགོག་དང་ཆད་གཅོད་བྱེད་དགོས་ཟེར། དེ་ལས་གཞན་དབྱི་སི་རལ་གྱིས་ད་རུང་ངེས་པར་དུ་ནུས་ལྡན་བྱེད་ཐབས་སྤྱད་ནས། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མིར་བྲེལ་མྱུར་གྱི་གཞི་རྩའི་ཞབས་ཞུ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།
ཁྲུན་གཅོད་ཡི་གེ་ལས་བཤད་རྒྱུར། དབྱི་སི་རལ་གྱིས་ངེས་པར་དུ་ཟླ་ངོ་གཅིག་གི་ནང་རྒྱལ་སྤྱིའི་ཁྲིམས་ཁང་ལ་སྙན་ཞུ་སྤྲད་དེ། རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲུན་གཅོད་ལག་བསྟར་བྱེད་ཆེད་སྤྱད་པའི་བྱེ་བྲག་གི་བྱེད་ཐབས་གསལ་བཤད་བྱེད་དགོས་ཟེར།
རྒྱལ་སྤྱིའི་ཁྲིམས་ཁང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་འཛིན་ལས་ཁུངས་གཙོ་བོ་ཡིན་ཞིང་། རྒྱལ་སྤྱིའི་ཁྲིམས་ཁང་གི་སྒྲིག་སྲོལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་གིས་རྒྱལ་ཁབ་སོ་སོས་སྤྲད་པའི་བཅའ་ཁྲིམས་ཀྱི་རྩོད་གླེང་ཐག་གཅོད་བྱེད་སྐབས། དགོས་གལ་ཡོད་པར་འདོད་པའི་གནས་ཚུལ་འོག་གནས་སྐབས་ཀྱི་བྱེད་ཐབས་ཁྱབ་སྒྲོག་བྱེད་པའི་དབང་ཆ་ཡོད་པ་དང་། ཁྲུན་གཅོད་དེར་ཚོད་འཛིན་ནུས་པ་ལྡན་པར་མ་ཟད་ཞུ་གཏུག་བྱེད་མི་རུང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།