ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གནས་སྐོར་པུའུ་ཀྲང་གྲོས་ཚོགས་ཝན་ཞང་ནས་བསྡུས།
2024.01.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གནས་སྐོར་པུའུ་ཀྲང་གྲོས་ཚོགས་ཐེངས་ཉེར་གསུམ་པ་ཚེས་ཉེར་དྲུག་ཉིན་ལའོ་ཝའོ་ཡི་རྒྱལ་ས་ཝན་ཞང་ནས་བསྡུས། ལའོ་ཝའོ་ཡི་གསར་འགྱུར་རིག་གནས་གནས་སྐོར་པུའུ་ཡི་པུའུ་ཀྲང་སུང་ཧྲ་ཝན་དང་ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་ཝང་ཁྲང་གཉིས་ཀྱིས་མཉམ་དུ་གྲོས་ཚོགས་ལ་མགོ་འཛིན་བྱས།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་དང་། འཇར་པན་དང་ཧན་གོའི་གནས་སྐོར་པུའུ་ཀྲང་ངམ་འཐུས་མི། དེ་མིན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ཡི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གནས་སྐོར་མཉམ་ལས་རྐྱེན་སྲོལ་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་། གྲོས་ཚོགས་ཀྱི་མཉམ་འབྲེལ་གསར་འགྱུར་སྤྱི་སྒྲོག་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གནས་སྐོར་རྩ་འཛུགས་ཀྱི་ཀྲུའུ་ཞིའི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚོགས་ཞུགས་ཕྱོགས་ཁག་སོ་སོས་བསྟན་དོན། མུ་མཐུད་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་གནས་སྐོར་མཉམ་ལས་བྱ་བའི་འཆར་གཞི་ལག་བསྟར་བྱས་ཤིང་། སྲིད་ཇུས་སྦྲེལ་མཐུད་དང་ལག་རྩལ་མཉམ་ལས། ཉམས་མྱོང་མཉམ་སྤྱོད་བཅས་ལ་ཤུགས་སྣོན་བྱས་ནས། ས་ཁུལ་གྱི་གནས་སྐོར་ལས་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདད་གཏོང་འདོད་ཡོད་ཟེར།

ཝང་ཁྲང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་གྱི་མི་གཞུང་བརྗེ་རེས་ལོ་གོ་སྐབས་སུ་བྱས་ཏེ། དཔལ་ཡོན་བརྗེ་རེས་དང་དཔེར་ལེན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་སོ་སོས་ལག་རྡང་སྦྲེལ་ནས་ས་ཁུལ་གྱི་གནས་སྐོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

དེ་ལས་གཞན་ཚོགས་ཡུན་ཉིན་ལྔ་ཡིན་པའི་ཉིས་སྟོང་ཉེར་བཞི་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གནས་སྐོར་གླེང་སྟེགས་ཉིན་དེར་ཝན་ཞང་ནས་གྲོལ་བ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་གྲོས་མོལ་གྲོགས་པོའི་རྒྱལ་ཁབ་ཀྱི་གནས་སྐོར་དཔོན་རིགས། ལས་རིགས་ཀྱི་འཐུས་མི་བཅས་མི་སྟོང་ཕྲག་འགའ་གླེང་སྟེགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།