ཁཱ་ཐར་གྱི་མགོ་ཁྲིད་པས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.01.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་ཚེས་ཉེར་དྲུག་ཉིན་ས་ཁུལ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁཱ་ཐར་གྱི་མགོ་ཁྲིད་པའི་དཔོན་ཕྱོགས་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཐཱ་མུས་མུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ལ་ཁ་པར་བཏང་སྟེ། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་གསར་བར་གྲོས་བསྡུར་བྱས། ཐཱ་མུས་མུའུ་ཡིས་ས་ཁུལ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་དང་། ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་མངོན་འགྱུར་བྱེད་པའི་དགོས་གལ་རང་བཞིན་ནན་བཤད་བྱས་པར་མ་ཟད། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དག་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱེད་དགོས་ཟེར།

པེད་ཏིན་གྱིས་བསྟན་དོན། ཁཱ་ཐར་གྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་བསྒྲུབས་པའི་ཕྱི་འབྲེལ་དང་མི་ཆོས་རིང་ལུགས་ཀྱི་བྱ་བར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།

ན་ནིང་ཟླ་བཅུ་བར་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཁཱ་ཐར་གྱིས་ནམ་རྒྱུན་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ལ་འདུམ་འགྲིག་བྱེད་བཞིན་ཡོད་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་ཐུབ་པར་འགན་སྲུང་བྱེད་བཞིན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།