ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇི་ཡིས་ཉིན་དེར་ཡེ་མིན་གྱི་མཚོ་དམར་འགྲམ་གྱི་གྲོང་ཁྱེར་ཧི་ཐེ་ཏཱ་རུ་ཐེངས་གཉིས་ལ་བར་སྣང་འཇབ་རྒོལ་བྱས་ཟེར།
བསྒྲགས་པ་ལྟར་ན། བར་སྣང་འཇབ་རྒོལ་ལས་ཧི་ཐེ་ཏཱ་གྲོང་ཁྱེར་གྱི་ནུབ་བྱང་ཕྱོགས་ཀྱི་ལཱ་སི་དབྱེ་སཱ་ས་ཁུལ་དུ་གནོད་སྐྱོན་བཟོས་ཡོད་ཟེར།
ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ས་དེའི་ཞོགས་པའི་དུས་ཚོད་གསུམ་དང་སྐར་མ་ཞེ་ལྔའི་སྟེང་མཚོ་དམར་མིག་ཐིག་ཏུ་བླངས་ནས་གཏོང་འཕེན་བྱེད་རྩིས་ཡོད་པའི་ཧུའུ་སེ་དྲག་ཆས་པའི་དམག་གྲུར་རྒོལ་བའི་འཕུར་མདའ་ཞིག་ལ་ཆམ་ཕབ་བཏང་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་ནས་འཕུར་མདའ་དེ་རྙེད་པ་དང་། རང་སྲུང་གི་ཆེད་དུ་འཇབ་རྒོལ་བྱས་ནས་འཕུར་མདའ་དེ་འགས་གཏོར་བཏང་བ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།