དབྱི་ལིང་ཤར་ལྷོའི་ས་ཁུལ་དུ་འཇབ་རྒོལ་དོན་རྐྱེན་བྱུང་ནས་ཕཱ་ཁི་སི་ཐན་གྱི་མི་དགུ་རྐྱེན་ལམ་དུ་ཤོར།
2024.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

དབྱི་ལིང་གི་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣས་ཉིན་དེར་དབྱི་ལིང་ཤར་ཕྱོགས་ཀྱི་ཞེ་སི་ཐན་དང་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་ནས་ཕྱི་རྒྱལ་བའི་སྡོད་གནས་ལ་འཇབ་རྒོལ་བྱས་ཏེ། ཕཱ་ཁི་སི་ཐན་གྱི་མི་དགུ་བསད་པ་དང་། གཞན་ཡང་ཕཱ་ཁི་སི་ཐན་གྱི་མི་གསུམ་ལ་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་ཞེ་སི་ཐན་དང་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་གྱི་སཱ་ལཱ་ཝན་རྫོང་ནས་བྱུང་བ་དང་། དྲག་ཆས་མི་སྣ་གསུམ་གྱིས་ཕྱི་རྒྱལ་བའི་སྡོད་གནས་ཤིག་ལ་འཇབ་རྒོལ་བྱས་རྗེས་བྲོས་བྱོལ་བྱས། དོན་རྐྱེན་དེ་ལས་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་ལ་རྨས་ཕོག་ཡོད། མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

ཞེ་སི་ཐན་དང་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཧཱ་མཱ་ཐིས་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེར་རྒོལ་གཏམ་བཏང་བ་དང་། གནོད་ཐེབས་མཁན་གྱི་ཁྱིམ་མི་དང་ཕཱ་ཁི་སི་ཐན་གྱི་མི་དམངས་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། མཱ་ཧཱ་མཱ་ཐིས་ཀྱིས་དོན་རྐྱེན་དེ་བཟོ་བའི་ལག་དམར་རྩད་གཅོད་གསལ་བོ་བྱེད་རྒྱུ་ཁས་ལེན་བྱས་པ་དང་། ཞེ་སི་ཐན་དང་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་གྱི་ཁྲིམས་འཛིན་དང་བདེ་འཇགས། གསང་འཕྲིན་ལས་ཁུངས་བཅས་ཀྱིས་བདེ་འཇགས་ལ་གནོད་སྐྱེལ་མཁན་ལ་འགུལ་སྐྱོད་ནན་མོ་སྤེལ་རྒྱུ་ཡིན་ཟེར།

ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བདུན་ཉིན་ཕཱ་ཁི་སི་ཐན་གྱི་མི་དགུར་དབྱི་ལིང་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བ་ཁས་ལེན་བྱས་པར་མ་ཟད། དོན་དེར་རྒོལ་གཏམ་དྲག་པོ་བཏང་། ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པུས་ལུའུ་ཀྲི་ཡིས་བསྟན་དོན། ཕཱ་ཁི་སི་ཐན་གྱིས་དབྱི་ལིང་བར་འབྲེལ་འདྲིས་སྲུང་འཛིན་བྱས་ཡོད་པ་དང་། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་མྱུར་མོར་དོན་རྐྱེན་དེར་རྩད་བཅད་ནས། གྱོད་དོན་དེར་འབྲེལ་བའི་མི་སྣའི་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།