རུ་ཝང་ཏཱའི་ས་གནས་དཔོན་རིགས་ཤིག་གིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ཤར་ཕྱོགས་ཞིང་ཆེན་གྱི་ལུའུ་ཝ་མཱ་ཅཱ་ནཱ་ས་ཁུལ་གྱི་མུའུ་ཀའེ་སེ་ལཱ་མཚོ་ཁོངས་ནས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་གྲུ་གཟིངས་ལོག་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་ཟེར།
ལུའུ་ཝ་མཱ་ཅཱ་ནཱ་ས་ཁུལ་གྱི་མགོ་བ་མུའུ་པའོ་ཉིག་མུའུ་ཝུའུ་ནེ་ཡིས་བཤད་རྒྱུར། དོན་རྐྱེན་བྱུང་བའི་གྲུ་གཟིངས་དེར་བསྡོམས་པས་མི་ཞེ་དྲུག་དྲུད་ཡོད་པ་དང་། ས་དེའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་བར། མི་བཅུ་བཞིའི་བེམ་པོ་རྙེད་ཡོད་པ་དང་། གཞན་ཡང་མི་སོ་གཅིག་སྲོག་ཉེན་ལས་བསྐྱབས། རྒུད་སྐྱོབ་མི་སྣས་གར་སོང་མ་རྙེད་པའི་མི་གཅིག་འཚོལ་བཤེར་བྱེད་བཞིན་ཡོད་ཟེར།
མཚམས་སྦྱོར་བྱས་པ་ལྟར་ན། གྲུ་གཟིངས་དེ་ལོག་པའི་རྒྱུ་རྐྱེན་ནི་ཐེག་ཚད་ལས་བརྒལ་བ་དང་དྲག་རླུང་ལ་འཕྲད་པས་རེད། གྲུ་གཟིངས་དེའི་ཆེས་ཆེ་བའི་ཐེག་ཚད་མི་ཉི་ཤུ་ཡིན་པ་དང་། དོན་རྐྱེན་བྱུང་སྐབས་གྲུ་གཟིངས་དེའི་ནང་འགྲུལ་བ་དག་ལས་གཞན་ད་རུང་མ་རྨོས་ལོ་ཏོག་དང་སྲན་ཆེན་སོགས་ཞིང་ཞོར་ཐོན་རྫས་དྲུད་ཡོད་པ་རེད།
དོན་རྐྱེན་བྱུང་རྗེས། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་ས་དེའི་གྲུ་གཟིངས་ཚོང་གཉེར་མཁན་གྱིས་ཁྲིམས་སྲོལ་བརྩི་སྲུང་བྱེད་དགོས་པ་དང་། ཉེན་སྐྱོབ་ལྭ་བ་སྒྲིག་སྦྱོར་བྱས་ནས་ཐེག་ཚད་ལས་བརྒལ་བ་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།