དབྱི་སི་རལ་གྱི་དམག་དཔུང་གིས་བྱང་ཕྱོགས་མཐའ་མཚམས་ས་ཁུལ་གྱི་དམག་གྲབས་ལ་ཤུགས་སྣོན་བྱས།
2024.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་སྔར་ལས་ལྷག་པའི་སྒོ་ནས་བྱང་ཕྱོགས་མཐའ་མཚམས་ས་ཁུལ་གྱི་དམག་གྲབས་ལ་ཤུགས་སྣོན་བྱེད་བཞིན་ཡོད་པ་དང་། འདས་པའི་གཟའ་འཁོར་གཅིག་གི་ནང་བྱང་ཕྱོགས་ཀྱི་རྗེས་གྲབས་གདུགས་མཆོང་དམག་སྟོང་ཤོག་གིས་གཅིག་བསྡུས་ཀྱི་མདེལ་དངོས་མ་གཏོང་འཕེན་བྱས་པ་དང་གྲོང་ཁྱེར་འཐབ་འཁྲུག་གི་སྦྱོང་བརྡར་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་བྱང་ཕྱོགས་རྗེས་གྲབས་གདུགས་མཆོང་དམག་སྟོང་ཤོག་དང་འཐབ་འཁྲུག་བཟོ་སྐྲུན་པུའུ་ཡི་དམག་དཔུང་གིས་འདས་པའི་གཟའ་འཁོར་གཅིག་གི་ནང་དམག་དོན་སྦྱོང་བརྡར་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གི་དགུན་གྱི་ནམ་ཟླའི་ཆ་རྐྱེན་འོག་མི་གྲངས་མང་བའི་གྲོང་ཁྱེར་ས་ཁུལ་དང་བྱང་ཕྱོགས་ཀྱི་ཡུལ་བབ་ནས་འཐབ་འཁྲུག་བྱེད་པར་གྲ་སྒྲིག་གང་ལེགས་བྱས། གདུགས་མཆོང་དམག་སྟོང་ཤོག་གི་སྟོན་དཔོན་གྱིས་བཤད་རྒྱུར། གཟའ་འཁོར་གཅིག་རིང་སྦྱོང་བརྡར་བྱས་པ་བརྒྱུད། ང་ཚོས་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་སྤེལ་བའི་གསལ་སྒྲོག་གཞན་ཞིག་ལས་བཤད་པ་ལྟར་ན། ཉིན་དེ་ཧྲིལ་བོར་ལེ་པཱ་ནུན་ནས་དབྱི་སི་རལ་གྱི་བྱང་ཕྱོགས་ཀྱི་དམག་དོན་རྟེན་གཞིར་འཕུར་མདའ་གཏོང་འཕེན་བྱས་པ་དང་། འཕུར་མདའ་སྐོར་ཞིག་དབྱི་སི་རལ་གྱི་མཁའ་སྲུང་མ་ལག་གིས་བཀག་ཡོད་ལ། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སོ་ལྟ་ཁང་སོགས་དམག་དོན་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཟེར།

ཅཱ་ཧྲ་ས་ཁུལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་མུ་མཐུད་དུ་དམག་དོན་འགུལ་སྐྱོད་སྤེལ། དབྱི་སི་རལ་གྱི་དམག་དཔུང་གི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱི་ཐོལ་རྒོལ་དམག་དཔུང་ཞིག་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་ནུབ་ངོས་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་པའི་རྩ་འཛུགས་ཀྱི་དམག་དོན་སྒྲིག་ཆས་མང་བོར་འཇབ་རྒོལ་བྱས་ནས་མཚོན་ཆ་མང་བོ་གཞུང་བཞེས་བྱས་ཡོད་ལ། འདས་པའི་གཟའ་འཁོར་གཅིག་གི་ནང་། ཐོལ་རྒོལ་དམག་དཔུང་དེས་བསྡོམས་པས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བརྒྱ་ལྷག་བསད་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།