དབྱི་རག་དང་ཨ་མེ་རི་ཁའི་སྐོར་ཐེངས་དང་པོའི་གྲོས་མོལ་སྤེལ་ནས་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་བཀོད་སྒྲིག་མཚམས་འཇོག་པར་གྲོས་བསྡུར་བྱས།
2024.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་རག་གི་ཙུང་ལིའི་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་དང་ཨ་མེ་རི་ཁས་ཉིན་དེར་སྐོར་ཐེངས་དང་པོའི་གྲོས་མོལ་སྤེལ་མགོ་བརྩམས་པ་དང་། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་དབྱི་རག་ཏུ་བཀོད་སྒྲིག་བྱེད་མཚམས་འཇོག་པར་གྲོས་བསྡུར་བྱས།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་སྐོར་ཐེངས་དང་པོའི་གྲོས་མོལ་ལ་མགོ་འཛིན་བྱས་པར་བཤད་ཀྱང་། བྱེ་བྲག་གི་གནས་ཚུལ་ཞིབ་རྒྱས་གསལ་བོར་བསྒྲགས་མེད།

དབྱི་རག་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན། དབྱི་རག་དང་ཨ་མེ་རི་ཁས་མཐོ་རིམ་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲོས་མོལ་མགོ་རྩོམ་རྒྱུ་ཡིན་པ་དང་། བྱེ་བྲག་གི་དུས་ཚོད་རེའུ་མིག་གཏན་འབེབས་བྱས་ནས། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་གི་བློ་འདོན་པ་དག་དབྱི་རག་ནས་སྡོད་པའི་ཡུན་ཚད་གཏན་འཁེལ་གསོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། དབྱི་རག་ཏུ་སྡོད་པའི་བློ་འདོན་པའི་ཁ་གྲངས་རིམ་བཞིན་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།