ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་དམར་གསོད་ཆེན་མོའི་རྗེས་དྲན་ཉིན་མོའི་རྗེས་དྲན་ཚོགས་ཆེན་སྟེང་གཏམ་བཤད་སྤེལ།
ཟླ་དང་པོའི་ཚེས་ཉེར་བདུན་ཉིན་གྱི་རྒྱལ་སྤྱིའི་དམར་གསོད་ཆེན་མོའི་རྗེས་དྲན་ཉིན་མོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་དྲུག་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ་བའི་རྒྱལ་སྤྱིའི་དམར་གསོད་ཆེན་མོའི་རྗེས་དྲན་ཉིན་མོའི་རྗེས་དྲན་ཚོགས་ཆེན་སྟེང་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མྱུར་མོར་འགུལ་སྐྱོད་སྤེལ་ནས། ཡིའུ་ཐེ་བར་རྒོལ་བའི་རིང་ལུགས་དང་རྣམ་པ་གང་རུང་གི་འཁོན་འཛིན་རྩ་བ་ནས་མེད་པར་གཏོང་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་གི་འཁོན་འཛིན་མྱུར་མོར་རྒྱ་ཡན་དུ་འགྲོ་བཞིན་ཡོད་ཅིང་། ཀུན་གྱིས་སེམས་ཁུར་བྱེད་པའི་འཕེལ་ཕྱོགས་མདུན་ནས། མི་ཚང་མར་སྲོག་ཉེན་ལས་ཐར་བའི་མི་དང་གནོད་ཐེབས་མཁན་གྱི་སེམས་སྒྲར་ཉན་པའི་འགན་འཁྲི་ཡོད། མིའི་རིགས་ལ་གནོད་སྐྱེལ་བའི་ནག་ཉེས་ལ་རྒོལ་གཏམ་བཏང་ནས། ཧུར་ཐག་སྒོས་ཡིའུ་ཐེ་བར་རྒོལ་བའི་རིང་ལུགས་དང་རྣམ་པ་གང་རུང་གི་ཕྱོགས་རིས་དང་། འཁོན་འཛིན། བཟོད་སྒོམ་མི་བྱེད་པའི་སྣང་ཚུལ་བཅས་མེད་པར་བཏང་སྟེ། མི་ཚང་མའི་ཆེད་དུ་ཐུན་མོང་གི་བདེ་འཇགས་དང་དཀྱེལ་ཡངས་ཆེ་བའི་མ་འོངས་པར་ཕྱོགས་པའི་ལམ་ཞིག་འཚོལ་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དམར་གསོད་ཆེན་མོར་ངན་སྐུལ་བྱེད་པའི་ཡིའུ་ཐེ་བར་རྒོལ་བའི་འཁོན་འཛིན་དེ་ནཱ་ཚོས་ནས་མགོ་བརྩམས་པ་མ་ཡིན་ལ། ནཱ་ཚོས་ཕམ་ཉེས་སུ་བཏང་བ་ལས་མེད་པར་ཡང་གཏོང་ཐུབ་མེད་ཟེར། ཁོས་བསྟན་དོན། མཐོང་ཆུང་གི་མདུན་ནས་མི་རྣམས་ཁ་རོག་གེར་སྡོད་མི་རུང་བ་དང་། ཀུ་ཡངས་མིན་པའི་སྣང་ཚུལ་མདུན་ནས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་བཟོད་སྒོམ་བྱེད་མི་རུང་ཟེར།
ཉིས་སྟོང་ལྔ་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། སྐབས་དྲུག་ཅུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་རྒྱལ་ཁབ་བརྒྱ་དང་བཞིས་མཉམ་དུ་བཏོན་པའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ། ལོ་རེའི་ཟླ་དང་པོའི་ཚེས་ཉེར་བདུན་ཉིན་དེར་རྒྱལ་སྤྱིའི་དམར་གསོད་ཆེན་མོའི་རྗེས་དྲན་ཉིན་མོར་གཏན་འཁེལ་བྱས་ནས། ནཱ་ཚོའི་དམར་གསོད་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཡིའུ་ཐེ་བ་ས་ཡ་དྲུག་ལ་རྗེས་དྲན་བྱེད་རྒྱུ་ཐག་བཅད་པ་རེད། ད་ལོའི་རྗེས་དྲན་བྱ་འགུལ་གྱི་བརྗོད་སྙིང་ནི་གནོད་ཐེབས་མཁན་དང་སྲོག་ཉེན་ལས་ཐར་བའི་མིའི་སྤྱིར་བཏང་མིན་པའི་དཔའ་སྤོབས་ལ་གཟེངས་བསྟོད་བྱེད་པ་དེ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།