སི་རི་ཡཱ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བརྒྱད་བསད།
2024.01.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་ཉིན་དེར་ལྷོ་ཕྱོགས་ཀྱི་ཏི་ལཱ་ཞིང་ཆེན་གྱི་བདེ་འཇགས་འགུལ་སྐྱོད་ཅིག་གི་ཁྲོད་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བརྒྱད་བསད་ཟེར།

བསྒྲགས་པ་ལྟར་ན། ཚེས་ཉེར་བརྒྱད་ཉིན་ཏི་ལཱ་ཞིང་ཆེན་ནུབ་ངོས་ཀྱི་ནཱ་ཝ་གྲོང་རྡལ་ནས་བསད་པའི་དྲག་ཆས་ཉེས་ཅན་བརྒྱད་ཀྱི་གྲས་སུ་རྩ་འཛུགས་དེའི་ཁོངས་མི་གཙོ་བོ་ཞིག་འདུས་ཡོད་ལ། ཐེངས་འདིའི་བདེ་འཇགས་འགུལ་སྐྱོད་ནི་སི་རི་ཡཱའི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ཀྱི་ཁག་ཅིག་ཡིན་ཟེར།

ཏི་ལཱ་ཞིང་ཆེན་གྱི་ལྷོ་ངོས་ནས་ཅོར་ཏན་དང་འདབས་འབྲེལ་དུ་ཡོད་ཅིང་། ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་རྗེས། ཏི་ལཱ་ཞིང་ཆེན་དེ་དུས་ཡུན་རིང་བོར་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་ཐལ་སྤྱོད་རྩ་འཛུགས་ཀྱིས་བདག་བཟུང་བྱས་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པ་ནས་བཟུང་། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དམག་དོན་འགུལ་སྐྱོད་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། རིམ་བཞིན་ཏི་ལཱ་ཞིང་ཆེན་བདག་བཟུང་བྱས་ཡོད་ཀྱང་། ས་ཁུལ་དེའི་བདེ་འཇགས་གནས་བབ་དུས་ཡུན་རིང་བོར་གཏན་འཇགས་མིན་པར་མངོན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།