ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། མཱ་ལིའི་བར་བརྒལ་སྲིད་གཞུང་གི་མགྲིན་ཚབ་པ་མཱ་དབྱེ་ཅཱ་ཡིས་རྒྱལ་ཁབ་བརྙན་འཕྲིན་ཁང་དུ་མཉམ་འབྲེལ་སྤྱི་བསྒྲགས་སྒྲོག་འདོན་བྱས།
ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་མཱ་ལི་དང་ནེ་ཀྲིར། པུ་ཁི་ནཱ་ཧྥ་སོ་བཅས་ཀྱིས་ཚེས་ཉེར་བརྒྱད་ཉིན་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་ཏེ། མྱུར་མོར་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས།
མཱ་ལིའི་བར་བརྒལ་སྲིད་གཞུང་གི་མགྲིན་ཚབ་པ་མཱ་དབྱེ་ཅཱ་ཡིས་ཉིན་དེར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་མཉམ་འབྲེལ་སྤྱི་བསྒྲགས་སྒྲོག་འདོན་བྱས། སྤྱི་བསྒྲགས་ལས་བཤད་རྒྱུར། རྒྱལ་ཁབ་དེ་གསུམ་གྱིས་རྒྱལ་ཁབ་རང་གི་མི་དམངས་ཀྱི་རེ་འདུན་དང་སེམས་ཁུར། འདོད་བློ་བཅས་དང་ལེན་བྱས་ནས། མྱུར་མོར་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ་ལས་ཕྱིར་འབུད་རྒྱུ་ཐག་བཅད་པ་ཡིན་ཟེར།
སྤྱི་བསྒྲགས་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ་ཐོག་མར་འཛུགས་སྐབས་ཀྱི་ཕུགས་འདུན་ལ་རྒྱབ་འགལ་བྱས་ཡོད་ཅིང་། རྩ་འཛུགས་དེས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་བདེ་འཇགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་སྐབས་རྒྱལ་ཁབ་དེ་གསུམ་ལ་རོགས་སྐྱོར་མ་བྱས་པ་དང་། རྒྱལ་ཁབ་དེ་གསུམ་ལ་ཁྲིམས་འགལ་དང་མི་ཆོས་དང་མི་མཐུན་ལ། འགན་མི་ཁུར་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ཡོད་ཟེར།
དེའི་སྔོན་ ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་མཱ་ལི་དང་ནེ་ཀྲིར། པུའུ་ཁི་ནཱ་ཧྥ་སོ་བཅས་ནས་དམག་དོན་སྲིད་འགྱུར་བྱུང་རྗེས་རྒྱལ་ཁབ་དེ་གསུམ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།