ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་ཚེས་ཉེར་བརྒྱད་ཉིན་འཚམས་འདྲིར་ཡོང་བའི་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་དང་མཉམ་དུ་ཨར་ཅི་རི་ཡཱའི་རྒྱལ་ས་ཨར་ཅིར་ནས་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། པུའུ་ཨར་ཧན་གྱིས་ཨར་ཅི་རི་ཡཱ་ཡིས་སུའུ་ཏན་གྱི་ཉམས་ཉེན་ལ་འདུམ་འགྲིག་བྱས་པར་དགའ་བསུ་བྱེད་པའི་ཚུལ་བསྟན།
པུའུ་ཨར་ཧན་གྱིས་བསྟན་དོན། སུའུ་ཏན་གྱིས་ཨར་ཅི་རི་ཡཱ་ཞི་བའི་སྒོ་ནས་སུའུ་ཏན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་གྲོས་མོལ་ཡོད་ཚད་ལ་ཞུགས་པར་དགའ་བསུ་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཐུན་མོང་སེམས་ཁུར་བྱེད་པའི་གནད་དོན་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་བྱེད་ཐབས་ཐད་ནས་གྲོས་བསྡུར་བྱས་པར་མ་ཟད། ཨར་ཅི་རི་ཡཱ་ཡིས་དུས་ཡུན་རིང་བོར་སུའུ་ཏན་ལ་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས།
ཐི་པིན་གྱིས་ནན་གྱིས་བསྟན་དོན། ཨར་ཅི་རི་ཡཱ་ཡིས་ནམ་རྒྱུན་ཕྱི་ཕྱོགས་ཀྱིས་རྒྱལ་ཁབ་ནང་ཁུལ་གྱི་འགལ་བ་དང་འཁྲུག་རྩོད་ཐག་གཅོད་བྱེད་པར་ཐེ་གཏོགས་བྱེད་པའམ་འཁྲུག་རྩོད་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ལ། སུའུ་ཏན་མི་དམངས་ཉམས་ཉེན་ལས་ཐར་ཐུབ་པར་ཡིད་ཆེས་ཡོད་ཟེར། ཐི་པིན་གྱིས་ད་རུང་རྒྱལ་ཁབ་གཉིས་བར་ཕན་ཚུན་བརྩི་འཇོག་དང་དངོས་གཉེར་མཉམ་ལས་ཀྱི་རྨང་གཞིའི་སྟེང་ལོ་རྒྱུས་རྒྱུན་རིང་ལྡན་པའི་མཛའ་འབྲེལ་བཙུགས་པར་གཟེངས་བསྟོད་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་མང་བོའི་ཐད་ཀྱི་ལངས་ཕྱོགས་གཅིག་མཚུངས་ཡིན་ཟེར།
པུའུ་ཨར་ཧན་ཉིན་དེའི་སྔ་དྲོར་ཨར་ཅིར་དུ་འབྱོར་ནས། ཨར་ཅི་རི་ཡཱ་རྒྱལ་ཁབ་ལ་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།