ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་མནའ་འབྲེལ་རྒྱལ་ཁབ་ཀྱི་གཞི་གཅིག་ཅན་དངོས་འབེབས་བྱེད་པའི་བཀའ་རྒྱ་མུ་མཐུད་དུ་བཀོད།
2024.01.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དགུ་ཉིན་ཨུ་རུ་སིའི་ཧྲིན་པུས་ཏི་པའོ་གྲོང་ཁྱེར་ནས་གྲོས་ཚོགས་བསྡུས། གྲོས་ཚོགས་སྐབས་སུ་མནའ་འབྲེལ་རྒྱལ་ཁབ་གཞི་གཅིག་ཅན་དངོས་འབེབས་བྱེད་པར་དམིགས་པའི་ལོ་གསུམ་གྱི་བཅའ་རྒྱ་བཀོད། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཚམས་འདྲིར་ཡོང་བའི་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་གྲོས་ཚོགས་ལ་ཞུགས།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཚོགས་ཐོག་ནས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་མནའ་འབྲེལ་རྒྱལ་ཁབ་འཛུགས་པའི་ཆིངས་ཡིག་གི་གཙོ་ཕྱོགས་ཀྱི་བཀའ་རྒྱའི་ལག་བསྟར་གནས་ཚུལ་སྤྱི་བསྡོམས་བྱས་པར་མ་ཟད། ཉིས་སྟོང་ཉེར་བཞི་ལོ་ནས་ཉིས་སྟོང་ཉེར་དྲུག་ལོའི་བར་གྱི་ལོ་གསུམ་གྱི་བཀའ་རྒྱ་བཀོད། དེའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་བཟོ་ལས་དང་ཞིང་ལས། ནུས་ཁུངས། དངོས་སྐྱེལ། བརྡ་འཕྲིན་སོགས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་ཆེད་རེད། ཕྱོགས་གཉིས་ཀྱིས་ད་རུང་མནའ་འབྲེལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིག་ཆ་བཅུ་ལྷག་བཀོད་ཡོད་ལ། ཚན་རྩལ་དང་རྨང་གཞིའི་འཛུགས་སྐྲུན། རིག་གནས་སྒྱུ་རྩལ། སྨྱན་བྱད་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད།

ཕུའུ་ཅིན་གྱིས་བཤད་རྒྱུར། སྔར་མེད་ཀྱི་ཕྱི་ཕྱོགས་གནོན་ཤུགས་འོག ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་འཛམ་གླིང་གར་སྟེགས་སུ་མཉམ་ལས་ཟབ་མོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ས་ཁུལ་གཅིག་ལྟར་ཕན་ཚུན་ཟོལ་མེད་ཀྱིས་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་དམངས་གཙོ་དང་འདྲ་མཉམ་གྱི་སྣེ་མང་ཅན་གྱི་འཛམ་གླིང་སྒྲིག་སྲོལ་ཞིག་འཛུགས་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཚོང་རྫས་དང་ཞབས་ཞུའི་ཉོ་ཚོང་འབོར་གྲངས་ན་ནིང་མེ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་བཞི་ཙམ་ལ་བསླེབས་ནས་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཚད་དུ་བསླེབས་ཡོད། དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་འདས་པའི་ལོ་གསུམ་ནང་ལག་བསྟར་བྱས་པའི་འབྲེལ་ཡོད་བཀའ་རྒྱའི་མཇུག་འབྲས་མཚོན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།