ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཁཱ་ཐར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐད་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། ཁཱ་ཐར་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྔར་ལས་ལྷག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཐཱ་མུས་མུའུ་ཡིས་ཉིན་དེར་ཁཱ་ཐར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་གསར་བ་ཚའོ་ཞའོ་ལིན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། ཁཱ་ཐར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། ཁཱ་ཐར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གནད་དོན་གཙོ་བོའི་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་ལ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཡོད་པར་མ་ཟད། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་ཟབ་མོ་སྲུང་འཛིན་བྱས་ཡོད་ཟེར།
ཚའོ་ཞའོ་ལིན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁཱ་ཐར་གྱི་འབྲེལ་བར་ཕྱོགས་ཡོངས་ནས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་སོང་ཡོད་ལ། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཇེ་ཚོགས་སུ་སོང་བར་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་མཐུན་སྦྱོར་དང་འབྲེལ་འདྲིས་བྱེད་པ་སྲུང་འཛིན་བྱས་ཡོད། ཀྲུང་གོ་དང་ཁཱ་ཐར་གྱི་མཛའ་མཐུན་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཁེ་ཕན་བསྐྲུན་ཡོད། ད་ལོ་ནི་ཀྲུང་གོ་དང་ཁཱ་ཐར་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འགོར་བའི་ལོ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དེ་གོ་སྐབས་སུ་བྱས་ཤིང་། ནན་ཏན་གྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་སྤུས་ཚད་མཐོ་བའི་མཉམ་ལས་རྒྱ་བསྐྱེད་བྱས་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཚའོ་ཞའོ་ལིན་ནི་ཟླ་དང་པོའི་ཚེས་གཉིས་ཉིན་ཁཱ་ཐར་དུ་འབྱོར་ནས་ལས་འགན་ལག་བསྟར་བྱེད་མགོ་བརྩམས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།