ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་དང་དབྱི་ལིང་གིས་ཕྱི་འབྲེལ་བློན་ཆེན་རིམ་པའི་མཉམ་འབྲེལ་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ཏེ། རྒྱལ་ཁབ་གཉིས་ཀྱི་དར་རྒྱས་འཕེལ་རྒྱས་ལ་འབྲེལ་བའི་ཐུན་མོང་གྲོས་གཞིར་གྲུབ་འབྲས་ཐོབ་པར་ལྟ་རྟོག་དང་ཁྲིད་སྟོན་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཅི་ལཱ་ནེ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཕྱི་འབྲེལ་བློན་ཆེན་རིམ་པའི་མཉམ་འབྲེལ་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པར་གཅིག་གྱུར་ཐག་གཅོད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་མཉམ་ལས་རྒྱ་བསྐྱེད་པའི་འབྲེལ་ཡོད་གྲོས་འདོན་ཏེ་མཐའ་མཚམས་ཉོ་ཚོང་ཚོང་ར་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་ཆུ་ཚད་མཐོར་འདེགས་བྱེད་པར་འཐད་པ་བྱུང་བར་མ་ཟད། མྱུར་མོར་ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ཐུའུ་ཨར་པའོ་ཏི་དང་དབྱི་ལིང་ཤར་ལྷོའི་ཕྱོགས་ཀྱི་ཞེ་སི་ཐན་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་གྱི་ཀྲ་ཧེ་ཏན་རུ་འབྲེལ་གཏུག་དཔོན་པོ་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་གསང་འཕྲིན་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཡང་བསྐྱར་དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཕཱ་ཁི་སི་ཐན་དུ་འཚམས་འདྲི་བྱེད་པར་གདན་ཞུ་བྱས་པ་དང་། དབྱི་ལིང་བར་གྱི་ཁྱབ་ཁོངས་མང་བོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་འབད་བརྩོན་བྱེད་འདོད་ཡོད་པར་མ་ཟད། ངེས་པར་དུ་མཉམ་ལས་ཀྱི་ཐབས་ལ་བརྟེན་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་མཉམ་ལས་ཀྱི་སྒྲིག་ལུགས་རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་ནན་བཤད་བྱས།
གྲོས་མོལ་བྱས་རྗེས་སྤེལ་བའི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བསྟན་དོན། དབྱི་ལིང་གིས་ཕཱ་ཁི་སི་ཐན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པ་དང་། འཇིགས་སྐུལ་ཉེས་ཅན་གྱིས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་བདེ་འཇགས་ལ་གནོད་སྐྱེལ་མི་རུང་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།