ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་དགུ་ཉིན་ཨུ་རུ་སིའི་དཔལ་འབྱོར་བཀག་སྡོམ་ཡུན་ཚད་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བར་ཡང་བསྐྱར་ཟླ་ངོ་དྲུག་གིས་ཇེ་རིང་དུ་བཏང་བ་དང་། རྒྱུ་མཚན་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མུ་མཐུད་དུ་རྒྱུན་བསྐྱངས་ཡོད་པས་རེད།
བཀག་སྡོམ་བྱེད་ཐབས་དེ་དག་ལ་ཉོ་ཚོང་དང་དངུལ་ལོར། སྐྱེལ་འདྲེན། རྒྱས་སྤྲས་ཐོན་རྫས། མཚོ་ཐོག་གི་མ་བཅོས་རྡོ་སྣུམ་གྱི་སྐྱེལ་འདྲེན། དངུལ་ཁང་དང་སྨྱན་བྱད་སྐོར་ཞིག་བཅས་ལ་བཀག་སྡོམ་བྱེད་པ་སོགས་འདུས། དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་ཨུ་རུ་སི་བཀག་སྡོམ་བྱེད་ཐབས་ལ་གཡོལ་བའི་བྱ་སྤྱོད་ལ་ཚད་བཀག་བྱེད་པའི་བྱེད་ཐབས་རེ་འགའ་བཏོན་ཡོད།
ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་བསྟན་དོན། འཁྲུག་རྩོད་མུ་མཐུད་དུ་བྱུང་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་ཚང་མ་སྲུང་འཛིན་བྱེད་སྲིད་པ་དང་། དགོས་གལ་ཡོད་པའི་སྐབས་སུ་སྔར་ལས་མང་བའི་བྱེད་ཐབས་སྤྱོད་ངེས་ཡིན་ཟེར།
ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་པའི་ཨུ་རུ་སིའི་ཕྱི་འབྲེལ་འཐུས་ཚབ་ཚོགས་པས་དེའི་སྔོན་ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་ཐད་ནས་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་དཔལ་འབྱོར་ཉམས་རྒུད་དུ་སོང་ཡོད་ལ། ཡོ་རོབ་གླིང་མནའ་འབྲེལ་སོགས་རྒྱལ་སྤྱིའི་གར་སྟེགས་ནས་ཨུ་རུ་སི་ཁེར་རྐྱང་དུ་ཕུད་འདོད་པའི་གཡོ་ཇུས་ལ་ཕམ་ཉེས་བྱུང་ཡོད་པ་དང་། ཨུ་རུ་སིར་འཐབ་ཇུས་རང་བཞིན་གྱི་ཕམ་ཉེས་འབྱུང་དུ་འཇུག་འདོད་པའི་དམིགས་འབེན་མངོན་འགྱུར་བྱུང་མེད། ཨུ་རུ་སིའི་ཕྱོགས་ཀྱིས་ད་རུང་བཀག་སྡོམ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ས་ཁོངས་གཞན་དུ་ཁྲིམས་འགལ་ཚད་བཀག་དང་ཆབ་སྲིད་གཡོ་ཇུས། མི་སེར་སྤེལ་བའི་རིང་ལུགས་གསར་བ་བཅས་ལག་བསྟར་བྱེད་པའི་བྱ་སྤྱོད་གསར་བ་ཞིག་ཡིན་པར་སྐྱོན་འཛུགས་བྱས།
ཨུ་རུ་སི་ཡིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པར་ཝུའུ་ཁི་ལན་དུ་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་རྗེས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བཀག་སྡོམ་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ད་ལྟའི་བར་ཨུ་རུ་སིར་དམིགས་པའི་བཀག་སྡོམ་བྱེད་ཐབས་སྐོར་ཐེངས་བཅུ་གཉིས་ལ་ཆོག་མཆན་བཀོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་ལ་དམིགས་ནས་ཨུ་རུ་སིས་ངོ་རྒོལ་བྱེད་ཐབས་སྤྱོད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།