དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་དབུས་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས་མི་བཅུ་གཅིག་རྐྱེན་ལམ་དུ་བཏང་།
2024.01.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་སུམ་ཅུ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཅཱ་ཧྲའི་དབུས་ཕྱོགས་ས་ཁུལ་གྱི་ཏའེ་ཨར་པེད་ལཱ་ཧི་གྲོང་ཁྱེར་གྱི་སྡོད་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་བཏང་།

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་པུའུ་ལའེ་ཅེ་ཡུལ་གྱར་བའི་སྒར་ས་དང་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་སར་གཅིག་བསྡུས་འགས་གཏོར་བཏང་བ་དང་། རྨས་མ་དག་ཅཱ་ཧྲའི་དབུས་ཕྱོགས་ས་ཁུལ་གྱི་ཨ་ཁི་སཱ་སྨན་ཁང་དུ་བསྐྱལ་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་སུམ་ཅུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒལ་བྱས་པ་ལས་བསྡོམས་པས་མི་བརྒྱ་དང་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་དང་ཞེ་དགུར་རྨས་ཕོག་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་འབྲེལ་ཡོད་མི་སྣས་ཚེས་སུམ་ཅུ་ཉིན་གསར་འགོད་པར་བཤད་རྒྱུར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་འཐུས་ཚབ་ཚོགས་པ་མངག་ནས་ཨེ་ཅིབ་ཏུ་འཚམས་འདྲི་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།