སུའུ་ཏན་ལྷོ་མ་དང་སུའུ་ཏན་གྱི་རྩོད་གཞིར་གྱུར་བའི་ས་ཁུལ་ནས་འཁྲུག་རྩོད་བྱུང་སྟེ་མི་ལྔ་བཅུ་ལྷག་རྐྱེན་ལམ་དུ་ཤོར།
2024.01.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

སུའུ་ཏན་ལྷོ་མའི་དཔོན་རིགས་ཀྱིས་ཚེས་ཉེར་དགུ་ཉིན་བདེན་དཔང་བྱས་དོན། སུའུ་ཏན་ལྷོ་མ་དང་སུའུ་ཏན་མཐའ་མཚམས་ཀྱི་རྩོད་གཞིར་གྱུར་བའི་ཨ་པུའུ་ཡེ་དབྱེ་ས་ཁུལ་དུ་ཚེས་ཉེར་བདུན་ཉིན་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ། བུད་མེད་དང་བྱིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་གཉིས་བཅས་འདུས་པའི་མི་ལྔ་བཅུ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར།

ཨ་པུའུ་ཡེ་དབྱེ་ས་ཁུལ་གྱི་སུའུ་ཏན་ལྷོ་མའི་དཔོན་རིགས་མན་ཡེ་ལེ་ཡིས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། སུའུ་ཏན་ལྷོ་མའི་ཝ་ལཱ་པུའུ་མངའ་སྡེའི་ན་གཞོན་དྲག་ཆས་རྩ་འཛུགས་དང་ཨ་པུའུ་ཡེ་དབྱེ་ས་ཁུལ་གྱི་ཨིན་ཀི་ཁི་ཏེན་ཁཱ་མི་རིགས་བར་འཁྲུག་རྩོད་བྱུང་བ་དང་། ལོ་མང་བོའི་རིང་ལ་ཕྱོགས་གཉིས་ཀྱིས་ནམ་རྒྱུན་མཐའ་མཚམས་ས་ཁུལ་དེ་འཕྲོག་རྩོད་བྱེད་བཞིན་ཡོད། ན་གཞོན་དྲག་ཆས་རྩ་འཛུགས་དེ་ད་རུང་འཇབ་རྒོལ་དོན་རྐྱེན་མང་བོར་ཞུགས་ནས་མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱེ་གནས་སྐབས་བདེ་འཇགས་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་ཨ་པུའུ་ཡེ་དབྱེ་ས་ཁུལ་ནས་བྱུང་བའི་དྲག་ཤུགས་འཁྲུག་རྩོད་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། འཁྲུག་རྩོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་གཉིས་རྐྱེན་ལམ་དུ་ཤོར་ཡོད་ཟེར། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱེ་གནས་སྐབས་བདེ་འཇགས་དམག་དཔུང་གིས་སྔར་བཞིན་དྲག་ཤུགས་དོན་རྐྱེན་ཁྲོད་ཤི་རྨས་ཐེབས་པའམ་འགྲོ་སའི་ཁྱིམ་མེད་པར་བཟོ་བའི་མི་གྲངས་ལ་དཔྱད་ཞིབ་བྱེད་པའི་ཞོར་དུ་མི་སེར་དཀྱུས་མ་དག་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་བྱེད་བཞིན་ཡོད།

ཨ་པུའུ་ཡེ་དབྱེ་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་གཅིག་ཙམ་ཡོད་པ་དང་། སུའུ་ཏན་དང་སུའུ་ཏན་ལྷོ་མའི་བར་རྩོད་གཞིར་གྱུར་བའི་ས་ཁུལ་ཞིག་ཡིན། ཉིས་སྟོང་བཅུ་གཅིག་ལོའི་ཟླ་དྲུག་པར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་པུའུ་ཡེ་དབྱེ་གནས་སྐབས་བདེ་འཇགས་དམག་དཔུང་རྩ་འཛུགས་བྱས་ནས། སུའུ་ཏན་དང་སུའུ་ཏན་ལྷོ་མའི་ཨ་པུའུ་ཡེ་དབྱེ་ས་ཁུལ་ནས་རང་རང་གི་དམག་དཔུང་ཕྱིར་འཐེན་བྱེད་པར་ལྟ་རྟོག་བྱེད་པའི་འགན་ཁུར་དུ་འཇུག་རྒྱུ་ཐག་བཅད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།