དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་སུམ་ཅུ་ཉིན་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་བཞིན་ཡོད་ཀྱང་། དབྱི་སི་རལ་གྱིས་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རག་བར་དུ། ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣ་ཕྱིར་གཏོང་མི་སྲིད་ལ། ཅཱ་ཧྲ་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་ཡང་བྱེད་མི་སྲིད་ཟེར།
དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་གསལ་སྒྲོག་སྤེལ་ཏེ། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཕཱ་ལེ་སི་ཐན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་ཞིག་ནས་གཏམ་བཤད་སྤེལ་ཏེ། ཁོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སྐོར་གྱི་བཤད་ཚུལ་མང་བོ་ཐོས་ཡོད། ངས་གསལ་བོར་བཤད་འདོད་པ་ཞིག་ནི། གལ་ཏེ་དམིགས་འབེན་ཚང་མ་མངོན་འགྱུར་མ་བྱུང་ན། ང་ཚོས་འཐབ་འཁྲུག་འདི་མཇུག་སྒྲིལ་མི་སྲིད་ཟེར། དམིགས་འབེན་དེ་དག་ལ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཚར་གཅོད་བྱེད་པ་དང་བཀག་འཇུག་བྱས་པའི་དབྱི་སི་རལ་གྱི་མི་ཚང་མ་ཕྱིར་གཏོང་བ། ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་ལ་འཇིགས་ཉེན་མི་བཟོ་བར་ཁག་ཐེག་བྱེད་བཅས་འདུས་ཡོད།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་མི་སྲིད་ལ། འཇིགས་སྐུལ་ཉེས་ཅན་སྟོང་ཕྲག་འགའ་བོ་ཡང་ཕྱིར་གཏོང་བྱེད་མི་སྲིད། གནས་ཚུལ་དེ་འདྲ་གཏན་ནས་འབྱུང་མི་སྲིད་པ་དང་། འབྱུང་སྲིད་པ་ནི་ཧཱ་མཱ་སི་ལས་རྣམ་པར་རྒྱལ་རྒྱུ་དེ་ཡིན་ཟེར།
ཧཱ་མཱ་སིའི་ཆབ་སྲིད་ཅུའི་འགོ་ཁྲིད་པ་ཧཱ་ནེ་ཡཱ་ཡིས་ཚེས་སུམ་ཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ལ་ཧྥ་རན་སིའི་ཕཱ་རེ་སི་ནས་ཡོང་བའི་འཁྲུག་རྩོད་མཚམས་འཇོག་པའི་ཇུས་གཞི་ཞིག་འབྱོར་ཡོད་ཟེར། ཧཱ་མཱ་སིའི་དམིགས་འབེན་གཙོ་བོ་ནི་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་ནས་དབྱི་སི་རལ་གྱི་དམག་དཔུང་ས་ཁུལ་དེ་ནས་ཕྱིར་འཐེན་བྱེད་པར་འགན་སྲུང་བྱེད་པ་དེ་ཡིན། ཧཱ་མཱ་སི་ཡིས་དེ་རྨང་གཞིར་བྱས་ནས་ཇུས་གཞི་དེར་ཞིབ་འཇུག་བྱས་རྗེས་ལན་སྟེར་ངེས་ཡིན་ཟེར།
ཧཱ་ནེ་ཡཱ་ཡིས་བསྟན་དོན། ཧཱ་མཱ་སི་ཡིས་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་བཙན་འཛུལ་མཇུག་སྒྲིལ་བའི་ཐད་ཀྱི་གྲོས་གཞི་གང་རུང་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།