ལཱ་ཐའོ་ཝེ་ཡཱའི་ཞིང་ལས་པུའུ་ཀྲང་ཁི་ལའོ་ཙེ་ཡིས་ཚེས་སུམ་ཅུ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ལཱ་ཐའོ་ཝེ་ཡཱ་ཡིས་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་འབྲུ་རིགས་དག་ལཱ་ཐའོ་ཝེ་ཡཱའི་མངའ་ཁོངས་བརྒྱུད་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་པར་སྐྱེལ་འདྲེན་བྱེད་པར་བཀག་འགོག་བྱེད་མི་སྲིད་ཟེར།
ཁི་ལའོ་ཝེ་ཡིས་བཤད་རྒྱུར། ལཱ་ཐའོ་ཝེ་ཡཱའི་ཞིང་ལས་པུའུ་ཡིས་བཅའ་ཁྲིམས་འཆར་ཟིན་ཞིག་གཏན་འབེབས་བྱས་ཏེ། ལཱ་ཐའོ་ཝེ་ཡཱ་ཡིས་འབྲུ་རིགས་ནང་འདྲེན་དང་སྒོ་གཅན་བརྒྱུད་སྐབས་ལཱ་ཐའོ་ཝེ་ཡཱ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པ་གང་ཡིན་རུང་ངེས་པར་དུ་སྐྱེལ་འདྲེན་བྱེད་སའི་ཡུལ་གསལ་བོར་འབྲི་དགོས། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་ནས་ཡོང་བའི་འབྲུ་རིགས་དག་ལཱ་ཐའོ་ཝེ་ཡཱ་རུ་ནང་འདྲེན་བྱེད་པར་ཆོག་མཆན་མ་བཀོད་ཀྱང་། ཡོ་རོབ་གླིང་ནང་ཁུལ་གྱི་ཚོང་རའི་ཁག་ཅིག་ཡིན་པའི་ཆ་ནས། ལཱ་ཐའོ་ཝེ་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་པའི་ཀུང་ཟི་དག་གིས་ལཱ་ཐའོ་ཝེ་ཡཱ་བརྒྱུད་ནས་ཨུ་རུ་སིའི་འབྲུ་རིགས་དག་དམིགས་སའི་ཡུལ་དུ་སྐྱེལ་འདྲེན་བྱེད་པར་བཀག་འགོག་བྱེད་པའི་དབང་ཆ་མེད་ཟེར།
ཁི་ལའོ་ཙེ་ཡིས་དམིགས་སུ་བཀར་ནས་བསྟན་དོན། ད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། ཨུ་རུ་སིའི་འབྲུ་རིགས་ཉོ་བསྡུ་བྱས་ཏེ་ཐོན་སྐྱེད་ཐད་བཀོལ་བའི་ལཱ་ཐའོ་ཝེ་ཡཱའི་ཁེ་ལས་དང་ཞིང་བར་རྒྱལ་ཁབ་ཀྱི་རོགས་སྐྱོར་ཐོབ་མི་སྲིད་ཟེར།
ལཱ་ཐའོ་ཝེ་ཡཱའི་ཞིང་ལས་པུའུ་ཡི་གཞི་གྲངས་ལྟར་ན། ལཱ་ཐའོ་ཝེ་ཡཱ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཨུ་རུ་སིའི་ཞིང་ཞོར་ཐོན་རྫས་དང་འབྲུ་རིགས་ནང་འདྲེན་བྱེད་པའི་རྒྱལ་ཁབ་ཆེན་མོ་སི་ཕན་རྗེས་ཀྱི་ཨང་གཉིས་པ་ཡིན། ཨུ་རུ་སིའི་འབྲུ་རིགས་ནང་འདྲེན་དང་རང་གི་མངའ་ཁོངས་བརྒྱུད་པར་གཏན་འགོག་བྱས་ན་ལཱ་ཐའོ་ཝེ་ཡཱའི་གྲུ་ཁ་དང་ལྕགས་ལམ་སྐྱེལ་འདྲེན་ལས་རིགས་སུ་ཡོ་སྒོར་དུང་ཕྱུར་གཅིག་གི་གྱོང་གུད་ཐེབས་སྲིད།
བསོད་ནམས་ཚེ་རིང་གིས་བསྒྱུར།