མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་ཉེར་དགུ་ཉིན་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་མི་ཆོས་རིང་ལུགས་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ལས་ཁུངས་དེར་ཞལ་འདེབས་འབུལ་བའི་རྒྱལ་ཁབ་གཙོ་བོའི་མི་སྣར་ཐུག་འཕྲད་བྱས་ནས་ཞལ་འདེབས་འབུལ་བའི་བྱ་བ་སླར་གསོ་བྱེད་པར་གྲོས་སྡུར་བྱ་རྒྱུ་རེད་ཟེར།
ཉེ་སྔོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ལས་བཟོ་པ་མང་བོར་ན་ནིང་ཟླ་བཅུ་པར་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་ནང་ཞུགས་པའི་སྐྱོན་འཛུགས་ཐེབས་ཡོད་ལ། ཡོ་རོབ་གླིང་དང་ཨ་མེ་རི་ཁའི་རྒྱལ་ཁབ་མང་བོས་ཚེས་ཉེར་བདུན་ཉིན་ལས་ཁུངས་དེར་མ་དངུལ་འདོན་སྤྲོད་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་ཡོད།
ཏིས་ཡཱ་ལི་ཁི་ཡིས་ཚེས་ཉེར་དགུ་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཀུའུ་ཐི་ལོས་སི་ཡིས་དོན་དེའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་ཁུལ་ལྟ་རྟོག་ལས་དོན་ཐིན་གྱི་འགན་ཁུར་པར་ཐུག་འཕྲད་བྱས་ཏེ། སྐྱོན་འཛུགས་དེར་མྱུར་མོར་ཕན་ནུས་ལྡན་པའི་སྒོ་ནས་རྟོག་ཞིབ་བྱེད་པར་འགན་སྲུང་བྱས། དེ་ལས་གཞན་ཀུའུ་ཐི་ལོས་སི་ཡིས་ཚེས་སུམ་ཅུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ཞལ་འདེབས་འབུལ་བའི་རྒྱལ་ཁབ་གཙོ་བོའི་མི་སྣར་ཐག་འཕྲད་བྱས་ནས་ཞལ་འདེབས་འབུལ་བའི་བྱ་བ་སླར་གསོ་བྱེད་པར་གྲོས་སྡུར་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ཀུའུ་ཐི་ལོས་སི་ཡིས་བལྟས་ན། མིག་སྔར་ལས་ཁུངས་དེའི་རྒྱུན་མཐུད་འཁོར་རྒྱུག་ལ་འགན་སྲུང་བྱས་ནས་མང་ཚོགས་ཀྱི་དགོས་གལ་ཆེ་བའི་དགོས་མཁོ་བསྐང་དགོས་པར་འདོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་ཕྱོགས་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་རོགས་སྐྱོར་ལས་ཁུངས་དང་སྲིད་གཞུང་མིན་པའི་རྩ་འཛུགས་རེ་འགའ་ཡིས་ཞལ་འདེབས་འབུལ་མཚམས་བཞག་པའི་རྒྱལ་ཁབ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། རྒྱབ་སྐྱོར་མ་བྱས་ཚེ་ཕཱ་ལེ་སི་ཐན་གྱི་མི་རྣམས་གཞི་རྩའི་ཟས་རིགས་དང་འཐུང་ཆུ། སྨན་བཅོས་རོགས་སྐྱོར། མཁོ་དངོས། སློབ་གསོ། སྲུང་སྐྱོབ་བཅས་ཐད་ནས་སྔར་ལས་ལྷག་པའི་ཉེན་ཁར་འཕྲད་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།