ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་མཚོ་དམར་མཚོ་ཁོངས་སུ་བགྲོད་པའི་ཨ་མེ་རི་ཁའི་ཀི་ལོས་ཧྥུའུ་ལེ་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་ལ་འཕུར་མདའ་འགའ་གཏོང་འཕེན་བྱས་ཟེར།
སཱ་ལོས་ཡཱ་ཡིས་བསྟན་དོན། ཧུའུ་སེ་དྲག་ཆས་པས་མཚོ་དམར་དང་ཨ་རབ་མཚོ་ཁོངས་སུ་བགྲོད་པའི་ཨ་མེ་རི་ཁ་དང་དབྱིན་ཇིའི་དམག་གྲུ་དག་ཁྲིམས་མཐུན་གྱི་དཔུང་འཇུག་དམིགས་འབེན་དུ་བྱས་ཡོད་ལ། དུས་སྐབས་འོས་འཚམ་ཡིན་དུས་དམག་གྲུ་དེ་དག་ལ་ཆམ་ཕབ་གཏོང་ངེས་ཡིན་ཟེར།
སཱ་ལོས་ཡཱ་ཡིས་གསལ་སྒྲོག་ལས་འཕུར་མདའ་དེ་དག་དམིགས་འབེན་ལ་ཕོག་ཡོད་མིན་གསལ་བོར་བསྒྲགས་མེད།
ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་སུམ་ཅུའི་ཡས་མས་སུ་མཚོ་དམར་མཚོ་ཁོངས་སུ་འཕུར་མདའ་གཏོང་འཕེན་བྱས་པ་དང་། ཨ་མེ་རི་ཁའི་ཀི་ལོས་ཧྥུའུ་ལེ་རྟགས་ཅན་མཐར་སྐྲོད་གྲུ་གཟིངས་ཀྱིས་འཕུར་མདའ་དེ་བཀག་པས། མི་སྣར་རྨས་ཕོག་པའམ་དམག་གྲུར་གྱོང་གུད་ཐེབས་པའི་སྙན་ཞུ་བསྒྲགས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།