མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཉེ་སྔོན་སྤེལ་བའི་རྟོག་ཞིབ་གཞི་གྲངས་གསར་བ་ལྟར་ན། ཧེ་ཐིའི་དྲག་ཆས་དྲག་ཤུགས་དོན་རྐྱེན་ཇེ་མང་དུ་སོང་བ་ལས། ཉུང་མཐར་ཡང་བྱིས་པ་འབུམ་གཅིག་དང་ཁྲི་བདུན་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་ལ། ཁ་གྲངས་དེ་ན་ནིང་གི་དུས་མཉམ་ལས་ལྡབ་གཉིས་འཕར་ཡོད་ཟེར།
གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་བར། ཧེ་ཐི་རྒྱལ་ཡོངས་སུ་མི་འབུམ་གསུམ་དང་ཁྲི་གཅིག་སྟོང་བཞི་ཙམ་ཡུལ་འཁྱམས་བྱེད་བཞིན་ཡོད་པ་དང་། དེའི་ནང་མང་ཆེ་བ་རྒྱལ་ས་རྒྱལ་སྲས་གྲུ་ཁ་དང་ཨ་ཏིས་པའོ་ནེ་ཞིང་ཆེན་དུ་འདུས་ཡོད་ལ། ཕྱེད་ཀ་ཙམ་བྱིས་པ་རེད། གནས་བབ་དེས་མ་གཞི་ནས་ཚད་ཡོད་པའི་སྡེ་ཁུལ་གྱི་ཐོན་ཁུངས་དང་སྤྱི་ཚོགས་ཞབས་ཞུའི་གནོན་ཤུགས་སྔར་ལས་ཇེ་ཆེར་བཏང་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ཧེ་ཐི་རུ་སྡོད་པའི་འཐུས་མི་པུའུ་ལུའུ་ནོའུ་མཱ་སི་ཡིས་བསྟན་དོན། ཧེ་ཐི་ནས་བྱིས་པ་དང་ཁྱིམ་ཚང་མས་འཛད་མཐའ་མེད་ཅིང་ཡ་ང་བའི་དྲག་ཤུགས་ཉམས་སུ་མྱོང་བཞིན་ཡོད། བྱིས་པར་ཟས་རིགས་དང་སྨན་བཅོས། སློབ་གསོ་སོགས་གཞི་རྩའི་འཚོ་བའི་འགན་སྲུང་འཕྲོག་ཡོད། དེ་ནི་ང་ཚོས་མཐོང་ལམ་དུ་འབྱུང་བཞིན་པའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཞིག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།