ཕུའུ་ཅིན་གྱིས་ཨུ་རུ་སིའི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་ནི་རྒྱལ་གཅེས་མཁན་གྱི་འཕུར་མདའི་མ་ལག་གིས་སར་འཕངས་པ་ཡིན་པའི་ཚུལ་བསྟན།
2024.02.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 61

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་སྔོན་ཝུའུ་ཁི་ལན་གྱི་བཟུང་དམག་དྲུད་པའི་ཨུ་རུ་སིའི་དབྱེ་ཨར-76རྟགས་ཅན་གྱི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་ནི་རྒྱལ་གཅེས་མཁན་གྱི་འཕུར་མདའི་མ་ལག་གིས་སར་འཕངས་པ་རེད་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་རྒྱལ་ས་མའོ་སི་ཁོ་རུ་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། རྒྱལ་གཅེས་མཁན་གྱི་འཕུར་མདའ་ནི་ཝུའུ་ཁི་ལན་གྱིས་ཚོད་འཛིན་བྱེད་པའི་ས་ཁོངས་ནས་གཏོང་འཕེན་བྱས་པ་རེད་ཟེར། ཁོས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་དེ་ལྟར་བྱེད་དགོས་དོན་ཅི་ཡིན་ཧ་མི་གོ་ཡང་། དེ་ནི་བློ་ཡུལ་ལས་འདས་པའི་དོན་ཞིག་ཡིན་པར་བསམ་ཆོག་ཟེར།

ཕུའུ་ཅིན་གྱིས་ད་རུང་བསྟན་དོན། ཨུ་རུ་སིས་དོན་རྐྱེན་དེའི་དབང་གིས་ཝུའུ་ཁི་ལན་བར་བཟུང་དམག་བརྗེ་སྤོར་བྱེད་པའི་བྱ་བ་མཚམས་འཇོག་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།