ཕེ་རུ་ཡིས་རང་བཙན་ཉིན་མོར་དགའ་སྟོན་བྱ་འགུལ་སྤེལ།
2024.02.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར། ཕེ་རུའི་སྲིད་འཛིན་དོ་དམ་ལྟེ་གནས་ཡཱ་ལོན་ས་ཁུལ་དུ་གནས་པའི་སྲིད་གཞུང་གི་གཞུང་སྒྲུབ་ཐོག་ཁང་ཆེན་མོའི་ཕྱི་རོལ་ནས་དགའ་སྟོན་བྱ་འགུལ་སྤེལ་ཏེ། རྒྱལ་ཁབ་རང་བཙན་བྱས་ནས་ལོ་ངོ་ང་དྲུག་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

བྱ་འགུལ་དེར་རྒྱལ་དར་བསྒྲེངས་པའི་མཛད་སྒོ་དང་། ཕེ་རུའི་ཉེན་རྟོག་པའི་གཟབ་སྦྲེང་རུ་ཁག་ལ་དམག་གཟིགས་བྱེད་པ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་སྲོག་ཉེན་ལས་ཐར་བའི་མིས་གཏམ་བཤད་པ་སོགས་འདུས། སྲིད་གཞུང་སྡེ་ཁག་དང་དམངས་ཁྲོད་ཚོགས་ཁག ས་གནས་ཁེ་ལས། ཚོ་ཁག་མང་ཚོགས་སོགས་འདུས་པའི་ཕེ་རུའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣས་སྲིད་གཞུང་ཐོག་ཁང་ཆེན་མོའི་མདུན་ནས་དགའ་སྟོན་ཁྲོམ་སྐོར་བྱས།

ཕེ་རུའི་ཙུང་ཐུང་ཨ་ཏིས་ཨང་གིས་འཐབ་འཁྲུག་གི་རྗེས་དྲན་རྡོ་རིང་གི་མདུན་དུ་མེ་ཏོག་ཕུལ་ནས་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ལོ་ངོ་ང་དྲུག་གི་སྔོན་ལ། མེས་པོ་དག་བདག་དབང་རྩོད་ལེན་བྱེད་པའི་བཞུད་ལམ་དུ་ཞུགས་ནས། རང་བཙན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱས། ད་ལྟ་ང་ཚོས་འདས་སོང་ལ་ཕྱིར་དྲན་བྱེད་དགོས་པར་མ་ཟད་མ་འོངས་པར་རྒྱང་བལྟ་བྱས་ནས། གནའ་བོའི་ཤུལ་བཞག་འདིར་རྗེས་དྲན་བྱེད་དགོས་ཟེར།

ཨ་ཏིས་ཨང་གིས་བཤད་རྒྱུར། མིག་སྔར་ནམ་ཟླའི་འགྱུར་ལྡོག་སོགས་འགྲན་རྩོད་མང་བོར་འཕྲད་ཡོད་པས། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་བབ་བསྟུན་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཕེ་རུ་ཡིས་མུ་མཐུད་དུ་འཛམ་གླིང་གར་སྟེགས་སུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུ་ཡིན་ཞིང་། ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་དར་སྤེལ་གཏོང་རྒྱུ་ཡིན་ཟེར།

ཅི་ལི་པཱ་སིའི་ཙུང་ཐུང་མཱ་མའོ་དང་། མུས་ཁི་ལོ་ནེ་ཞི་ཡཱ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཞི་མུས་ནཱ། སཱ་མའོ་ཡཱའི་ཙུང་ལི་གཞོན་པ་ཕིན་ནེ་ཧྥ་ཞི་ཨོ། ཀྲུང་གོ་སྲིད་གཞུང་གི་འཐུས་མི། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་གི་མགོ་བ་ལོ་ཀྲའོ་ཧོས་སོགས་གདན་ཞུས་ལྟར་དགའ་སྟོན་བྱ་འགུལ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།