ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཟླ་གཉིས་པའི་ཚེས་གཅིག་ཉིན་དྲ་ཚིགས་བརྒྱུད་ནས་བཤད་རྒྱུར། ཉིན་དེར་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་བསྡུས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ནས་གྲོས་མཐུན་བཀོད་དེ། ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་ཆེན་ལྔའི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་ཡོད་ཟེར།
མུས་ཞེ་ཨར་གྱིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་མགོ་ཁྲིད་པས་ཡོ་རོབ་གླིང་མནའ་འབྲེལ་གྱི་སྔོན་རྩིས་ལས་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་ཆེན་ལྔའི་རོགས་སྐྱོར་འདོན་སྤྲོད་བྱེད་པར་གཅིག་གྱུར་ཡིད་འཐད་བྱུང་བ་དང་། དེ་ལས་ཝུའུ་ཁི་ལན་ལ་གཏན་འཇགས་དང་དུས་ཡུན་རིང་བ། ཚོད་དཔག་ཐུབ་པའི་མ་དངུལ་འདོན་སྤྲོད་བྱེད་ཐུབ་ངེས་རེད་ཟེར།
ཧང་ག་རི་ཡིས་ངོ་རྒོལ་བྱས་པའི་དབང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་ན་ནིང་ཟླ་བཅུ་གཉིས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྟེང་ཝུའུ་ཁི་ལན་གྱི་རོགས་སྐྱོར་འཆར་གཞིའི་ཐད་ནས་གྲོས་མཐུན་འགོད་མ་ཐུབ། དེའི་རྗེས་སུ་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་ནམ་རྒྱུན་ཧང་ག་རིའི་བར་མཐུན་སྦྱོར་བྱེད་རྩིས་བྱས།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཟླ་གཉིས་པའི་ཚེས་གཅིག་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་རོགས་སྐྱོར་བྱས་ན་ཝུའུ་ཁི་ལན་གྱི་དཔལ་འབྱོར་དང་ནོར་སྲིད་དུས་ཡུན་རིང་བོར་གཏན་འཇགས་ཡོང་བའི་ཐད་ཤུགས་སྣོན་བྱེད་པར་ཕན་ཐོགས་ཡོད་པ་དང་། དེའི་གལ་ཆེ་བའི་ཚད་ནི་དམག་དོན་རོགས་སྐྱོར་དང་ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་སྤྱད་པ་དང་གཅིག་འདྲ་ཡིན་ཟེར།
ཝུའུ་ཁི་ལན་གྱི་ཙུང་ལི་ཧྲི་མཱེ་ཅཱ་ཨར་གྱིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་རོགས་སྐྱོར་མ་དངུལ་དེ་གཙོ་བོ་ཝུའུ་ཁི་ལན་གྱི་རྒྱལ་ཁབ་སྔོན་རྩིས་ཐད་བཀོལ་ནས་སྔོན་རྩིས་ཀྱི་འགྲོ་སོང་ཁ་གསབ་བྱེད་རྒྱུ་ཡིན་ཟེར།
ཚོགས་ཡུན་ཉིན་གཅིག་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ལོ་མང་བོའི་ནོར་སྲིད་སྒྲོམ་གཞིར་བཟོ་བཅོས་བྱེད་པ་དང་། ཝུའུ་ཁི་ལན་གྱི་རོགས་སྐྱོར། དབུས་ཤར་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས།
དམིགས་བསལ་མཐོ་རིམ་གྲོས་ཚོགས་མ་བསྡུས་གོང་། ཧྥ་རན་སི་དང་པུ་ལི་ཧྲི། དབྱི་ཐཱ་ལེ། སི་ཕན་སོགས་རྒྱལ་ཁབ་ནས་ཡོང་བའི་ཞིང་བས་འདྲུད་འཐེན་འཁོར་ལོ་སྟོང་ཕྲག་ལྷག་བཀོལ་ནས་པུའུ་ལུའུ་སེར་གྱི་གཞུང་ལམ་གཙོ་བོ་བཀག་ནས་ངོ་རྒོལ་བྱས་པ་དང་། ངོ་རྒོལ་མཁན་གྱིས་བསྟན་དོན། རྒྱལ་སྤྱིའི་འགྲན་རྩོད་ཇེ་དྲག་ཏུ་སོང་བ་དང་འབར་སྣུམ་གྱི་རིན་གོང་ཇེ་མཐོར་སོང་བ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོར་ཡུག་ཚད་གཞི་ཇེ་མཐོར་བཏང་བ་བཅས་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་མང་བོའི་ཞིང་ཞོར་ཐོན་རྫས་ཀྱི་མ་དངུལ་ཧ་ཅང་མཐོ་བ་དང་། ཞིང་བའི་ཡོང་འབབ་ཇེ་ཉུང་དུ་སོང་ནས་འཚོ་བ་དཀའ་སྡུག་གི་གནས་སུ་ལྷུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།