ཝེ་ཡེ་ནཱ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ཐོག་དང་པོར་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས།
2024.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཝེ་ཡེ་ནཱ་རུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་ཝེ་ཡེ་ནཱའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཡིག་ཚོགས་པས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་ཝེ་ཡེ་ནཱའི་རྒྱལ་སྤྱིའི་ལྟེ་གནས་སུ་མཉམ་དུ་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། དེ་ནི་ཝེ་ཡེ་ནཱ་རུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་ཐོག་དང་པོར་ཝེ་ཡེ་ནཱ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་བའི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཅིག་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝེ་ཡེ་ནཱ་རུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མིའམ་གཞུང་ཚབ་ཆེན་མོ་ལིས་སུང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝེ་ཡེ་ནཱའི་དོན་གཅོད་ཁང་གི་སྤྱི་ཁྱབ་ལས་འཛིན་པ་ཝ་ལེ་སོགས་བྱ་འགུལ་ལ་ཞུགས་ནས་ཞུ་ཚིག་ཕུལ། ཨོ་སི་ཁྲུ་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་མེན་དང་། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀའེ་སི་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་དང་། རྒྱལ་ཁབ་སོ་སོའི་རྒྱུན་སྡོད་འཐུས་མི། ཕ་ཡུལ་ཀྲུང་གོ་ནས་ཡིན་པའི་རྒྱལ་སྤྱིའི་ལས་ཁུངས་ཀྱི་ལས་བཟོ་བ་སོགས་མི་བདུན་བརྒྱ་ལྷག་སྣེ་ལེན་ཚོགས་འདུར་ཞུགས།

ལིས་སུང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཝེ་ཡེ་ནཱའི་ཕྱོགས་མང་བོའི་ཁྱིམ་གཞི་ཆེན་མོར་མི་རྣམས་ལྷན་འཛོམས་དང་བརྗེ་རེས་དཔེར་ལེན། མཐུན་སྒྲིལ་ཡར་བརྩོན་གྱི་ལོ་སར་མཛད་སྒོ་ཞིག་འདོན་སྤྲོད་བྱེད་འདོད་པ་ཡིན། ཕྱོགས་མང་བོའི་ཕྱི་འབྲེལ་ལྟེ་གནས་ཤིག་ཡིན་པའི་ཆ་ནས། ཝེ་ཡེ་ནཱའི་ཕྱོགས་མང་གྲོས་རིམ་དང་འཛམ་གླིང་ཡོངས་ཀྱི་གྲོས་འདོན་ཆེན་མོ་གསུམ་དམ་དུ་འབྲེལ་ཡོད་ལ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མིན་གྱི་ཁྱད་སྟོབས་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཡེ་ནཱ་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱ་ཆེའི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་དར་སྤེལ་བཏང་ནས། མཉམ་དུ་གྲོས་མོལ་གཅིག་མཐུན་དང་མཐུན་སྒྲིལ་རོགས་ལས་བྱེད་པའི་ཝེ་ཡེ་ནཱའི་སྙིང་སྟོབས་ལ་སྲུང་སྐྱོབ་བྱས་ཏེ། ཝེ་ཡེ་ནཱའི་ཕྱོགས་མང་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཝ་ལེ་ཡིས་ཞུ་ཚིག་འབུལ་སྐབས་ཀྲུང་གོའི་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་འཚམས་འདྲི་ཞུས་པ་དང་སྨོན་འདུན་བཟང་བོ་ཞུས། ཁོས་ན་ནིང་ཀྲུང་གོར་འཚམས་འདྲི་བྱས་པའི་གནས་ཚུལ་ཕྱིར་དྲན་བྱས་པ་དང་། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ཀྱིས་རང་ཉིད་ལ་བག་ཆགས་ཟབ་མོ་བཞག་ཡོད་ཅིང་། ཀྲུང་གོས་དབུལ་ཕོངས་སེལ་བ་དང་སློབ་གསོ་དང་བཟོ་ལས་ཅན་འཕེལ་རྒྱས་སུ་གཏོང་བའི་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས། ཁོས་ཀྲུང་གོའི་མི་སེམས་འགུལ་བའི་འཕེལ་རྒྱས་གཏམ་རྒྱུད་ཀྱིས་འཛམ་གླིང་ཡོངས་ལ་དྲང་ཕྱོགས་ནུས་ཚད་འདོན་སྤྲོད་བྱས་ཡོད་ཟེར།

རྒྱལ་ཁབ་སོ་སོའི་སྐུ་མགྲོན་གྱིས་ཕན་ཚུན་ལ་ལོ་སར་གྱི་སྨོན་འདུན་ཞུས་པ་དང་། ཆུ་མོག་སོགས་ཀྲུང་གོའི་ཟས་རིགས་ཀྱི་བྲོ་བ་མྱངས་པར་མ་ཟད། ཅིང་ཅུའུ་ཟློས་གར་དང་ཏུན་ཧོང་གི་ཞབས་བྲོ་སོགས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་ལ་བལྟས།


བསོད་ནམས་ཚེ་རིང་གིས་བསྒྱུར།