ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་གྱི་ཕྱོགས་སུ་འཕུར་མདའ་གཏོང་འཕེན་བྱས།
2024.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་ཉིན་དེར་དབྱི་སི་རལ་ལྷོ་ཕྱོགས་ཀྱི་མཚོ་དམར་མཚོ་འགྲམ་གྲོང་ཁྱེར་ཨེ་ལཱ་ཐི་རུ་འཕུར་མདའ་འགའ་གཏོང་འཕེན་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མཚོ་ཐོག་དང་སྐམ་ས་ནས་དབྱི་སི་རལ་ལ་དཔུང་འཇུག་བྱས་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་མཚམས་བཞག་ནས་བཀག་སྡོམ་མེད་པར་གཏོང་རག་བར་ཏུ་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར།

ཉིན་དེའི་སྔ་དྲོར་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་འཕུར་མདའི་འགོག་སྲུང་མ་ལག་བཀོལ་ནས་མཚོ་དམར་མཚོ་ཁོངས་ནས་དབྱི་སི་རལ་གྱི་ཕྱོགས་སུ་གཏོང་འཕེན་བྱས་པའི་ས་ངོས་འཕུར་མདའ་ཞིག་བཀག་ཡོད་ཟེར།

ན་ནིང་ཟླ་བཅུ་བར་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་རྗེས་སུ། ཧུའུ་སེ་དྲག་ཆས་པས་མི་བསྡད་མེད་པའི་གནམ་གྲུ་དང་འཕུར་མདའ་བཀོལ་ནས་མཚོ་དམར་མཚོ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས། ཧུའུ་སེ་དྲག་ཆས་པས་ཐེངས་མང་བོར་ཨེ་ལཱ་ཐི་རུ་མི་བསྡད་མེད་པའི་གནམ་གྲུ་དང་འཕུར་མདའ་གཏོང་འཕེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་མྱོང་།


བསོད་ནམས་ཚེ་རིང་གིས་བསྒྱུར།