ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁ་དང་དབྱིན་ཇི་ཡིས་ཡེ་མིན་གྱི་ཧཱ་ཅེ་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2024.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་ཡེ་མིན་གྱི་ནུབ་བྱང་ཕྱོགས་ཀྱི་ཧཱ་ཅེ་ཞིང་ཆེན་དུ་ཡོད་པའི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་ཐེངས་བདུན་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལས་ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་བཟོས་པའི་མི་སྣའི་ཤི་རྨས་གནས་ཚུལ་བསྒྲགས་མེད།

མིག་སྔར་ཨ་མེ་རི་ཁ་དང་དབྱིན་ཇི་ཕྱོགས་ཀྱིས་ཐེངས་འདིའི་བར་སྣང་འཇབ་རྒོལ་དོན་རྐྱེན་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

ཧུའུ་སེ་དྲག་ཆས་པས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་དང་ཟླ་གཉིས་པའི་ཚེས་གཅིག་ཉིན་ཨ་མེ་རི་ཁ་དང་དབྱིན་ཇི་ཡིས་རང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་ཁྱབ་བསྒྲགས་བྱས།

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཟླ་གཉིས་པའི་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་ཧུའུ་སེ་དྲག་ཆས་པའི་ས་ངོས་ཀྱི་འཕུར་མདའི་གཏོང་འཕེན་སྒྲིག་ཆས་ཤིག་ལ་རང་སྲུང་ཕྱིར་དུ་བར་སྣང་འཇབ་རྒོལ་བྱས་པ་དང་། ཐེངས་གཉིས་ལ་ཧུའུ་སེ་དྲག་ཆས་པས་མཚོ་དམར་དང་ཡཱ་ཏེན་མཚོ་ཁུགས་སུ་བཏང་བའི་མི་བསྡད་མེད་པའི་གནམ་གྲུར་བཀག་འགོག་བྱས་ནས་གཏོར་བ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།