ཨ་མེ་རི་ཁས་སི་རི་ཡཱ་དང་དབྱི་རག་མངའ་ཁོངས་ཀྱི་དྲག་ཆས་རྩ་འཛུགས་ལ་བར་སྣང་འཇབ་རྒོལ་བྱས།
2024.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཨ་མེ་རི་ཁའི་སྨྱན་བྱད་མང་བོས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་སི་རི་ཡཱ་དང་དབྱི་རག་མངའ་ཁོངས་ཀྱི་དབྱི་ལིང་གི་རྒྱབ་སྐྱོར་ཐོབ་པའི་དྲག་ཆས་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། དེ་ནི་ཅོར་ཏན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་གསུམ་ལ་ཉེ་སྔོན་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བར་འཁོན་ལན་སློག་ཆེད་རེད།

མིང་བཤད་མི་འདོད་པའི་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་མིས་ཚེས་གཉིས་ཉིན་འཐབ་འཛིང་གནམ་གྲུ་དང་མི་བསྡད་མེད་པའི་གནམ་གྲུ་མངག་ནས་འབྲེལ་ཡོད་ཀྱི་དྲག་ཆས་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། དེའི་ནང་དྲག་ཆས་རྩ་འཛུགས་ཀྱི་བཀོད་འདོམ་པུའུ་དང་དྲག་ཆས་མཛོད་ཁང་། དེ་མིན་སྒྲིག་ཆས་གཞན་པ་སོགས་འདུས།

བསྟུད་མར་ཉིན་འགའི་རིང་ལ། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་ཨ་མེ་རི་ཁའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་མང་བོས་ཐེངས་མང་བོར་ཉེན་བརྡ་བཏང་སྟེ། ཨ་མེ་རི་ཁའི་དམག་ལ་འཇབ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ལ་དུས་རིམ་བགོས་ནས་ཐེངས་མང་བོར་འཁོན་ལན་སློག་རྒྱུ་ཡིན་ཟེར།

པེད་ཏིན་གྱིས་ཟླ་དང་པོའི་ཚེས་སུམ་ཅུ་ཉིན་བསྟ་དོན། ཁོས་འཁོན་ལན་སློག་པའི་ཇུས་གཞི་གཏན་འཁེལ་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།