ཀྲུང་གོས་གསར་འཛུགས་བྱས་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐེབས་རྩ་ཚོགས་པས་རྒྱབ་སྐྱོར་བྱེད་པའི་ནགས་ཚལ་མེ་གསོད་ཡོ་བྱད་འདོན་སྤྲོད་བྱས་ནས་ནགས་ཚལ་མེ་འགོག་ནུས་པ་མཐོར་འདེགས་བྱེད་པའི་ལས་གཞིའི་ཡི་གེ་འགོད་པའི་མཛད་སྒོ་དེ་ཟླ་གཉིས་པའི་ཚེས་གཉིས་ཉིན་མོང་གོལ་གྱི་ཝུའུ་ལན་པཱ་ཐའོ་ཡི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ཁང་ཆེན་མོ་ནས་བསྡུས། དེ་ནི་ཐེབས་རྩ་ཚོགས་པ་དེས་མོང་གོལ་ནས་རྒྱབ་སྐྱོར་བྱས་ཏེ་སྤེལ་བའི་ལས་གཞི་ཐོག་མ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གི་མོང་གོལ་དུ་སྡོད་པའི་འཐུས་མི་ཏིས་མའོ་ཧྥུའུ་སི་ཁཱ་དང་མོང་གོལ་གྱི་རང་བྱུང་ཁོར་ཡུག་དང་གནས་སྐོར་པུའུ་ཀྲང་པཱ་ཐི་ཨི་ཨར་ཏིན་གྱིས་ལས་གཞིའི་ཡི་གེ་བཀོད་པ་དང་། མོང་གོལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྲིན་མེན་ཅོན་གྱིས་བདེན་དཔང་བྱས།
ཧྲིན་མེན་ཅོན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐེབས་རྩ་ནི་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དངོས་འབེབ་སབྱེད་པའི་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་ཞིང་། མེ་སྒོར་ཐེར་འབུམ་བཞི་གསོག་ཡོད་པ་དང་། གཙོ་བོ་དབུལ་སེལ་གནོད་སེལ་དང་། སྨན་བཅོས་འཕྲོད་བསྟེན། ལྷད་མེད་འཕེལ་རྒྱས་སོགས་དམངས་འཚོའི་ཁྱབ་ཁོངས་སུ་དངུལ་གཏོང་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེབས་རྩ་ཚོགས་པ་དེའི་སྒྲོམ་གཞིའི་ནང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་རྒྱལ་སྤྱིའི་ལས་ཁུངས་ཉི་ཤུ་ལྷག་དང་མཉམ་ལས་བྱས་ཡོད་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དྲུག་ཅུ་ཙམ་ནས་ལས་གཞི་བརྒྱ་དང་སུམ་ཅུ་ལྷག་ལག་བསྟར་བྱས་ཏེ། མང་ཚོགས་བྱེ་བ་གསུམ་ལྷག་ལ་ཕན་ཐོགས་བྱུང་ཡོད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ཡོད་ཟེར།
ཧྲིན་མེན་ཅོན་གྱིས་བཤད་རྒྱུར། ཀྲུང་གོ་དང་མོང་གོལ་ནི་རི་ཆུ་གཅིག་འབྲེལ་དང་ལས་དབང་གཅིག་མཐུན་གྱི་རྒྱལ་ཁབ་ཡིན་ཞིང་། ལས་གཞི་དེས་མོང་གོལ་གྱིས་ནགས་ཚལ་མེ་འགོག་ནུས་པའི་འཛུགས་སྐྲུན་དང་ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རོགས་རམ་བྱེད་ཐུབ་པར་རེ་བཞིན་ཡོད་ཟེར།
པཱ་ཐི་ཨི་ཨར་ཏིན་གྱིས་བསྟན་དོན། ད་ལོ་ནི་མོང་གོལ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བའི་ལོ་དང་། ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འགོར་བའི་ལོ་ཡིན་པར་མ་ཟད། མོང་གོལ་རྒྱལ་ཁབ་ཀྱི་ནགས་ལས་སྡེ་ཁག་བཙུགས་ནས་ལོ་ངོ་བརྒྱ་འགོར་བའི་ལོ་ཡང་ཡིན། མོང་གོལ་རྒྱལ་ཁབ་ཀྱིས་ཉིས་སྟོང་ཉེར་བཞི་ལོ་དེ་ནགས་ཚལ་སྲུང་སྐྱོབ་ལོར་གཏན་འཁེལ་བྱེད་རྒྱུ་ཡིན་པ་དང་། ལོ་གལ་ཆེན་འདི་འདྲར་ལས་གཞི་དེ་ལག་བསྟར་བྱེད་པར་དོན་སྙིང་ཟབ་མོ་ལྡན་ཟེར།
མོང་གོལ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་སྐྱེ་ཁམས་ཁྱབས་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་གནད་དོན་ཐག་གཅོད་བྱེད་པ། བྱེ་འགྱུར་ཅན་གྱི་འགོག་བཅོས། ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ནས་བཀོད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་རྒྱུ་ཡིན་ཟེར།
ཏིས་མའོ་ཧྥུའུ་སི་ཁཱ་ཡིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐེབས་རྩ་ཚོགས་པས་ལས་གཞི་དེར་རོགས་སྐྱོར་བྱེད་པར་བཀའ་དྲིན་ཞུས་པ་དང་། ཐེབས་རྩ་ཚོགས་པ་དེས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་བྱས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ལས་གཞི་དེ་མིག་དཔེ་ལྡན་པའི་ལས་གཞིར་གསར་བསྐྲུན་བྱེད་རྒྱུ་མ་ཟད། མོང་གོལ་རྒྱལ་ཁབ་ལ་རོགས་རམ་བྱས་ནས་སྔར་ལས་ལྷག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།