ཟླ2པའི་ཚེས3ཉིན། དབྱི་རག་གི་ཕྱི་འབྲེལ་པུའུ་ཡིས་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གནས་སྐབས་ལས་ཚབ་པར་ཐུག་འཕྲད་བྱས་ནས། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་གི་ས་ཁོངས་ནང་གི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པར་དངོས་སུ་རྒོལ་གཏམ་བཏང་།
ཉིན་དེར་དབྱི་རག་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ཏེ། དབྱི་རག་ཕྱོགས་ཀྱིས་ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་གི་བདེ་འཇགས་དཔུང་སྡེར་བར་སྣང་འཇབ་རྒོལ་བྱས་པའི་དམག་དོན་སྦྱོར་བར་རྒོལ་གཏམ་གཏོང་རྒྱུ་ཡིན། དབྱི་རག་ནི་རྒྱལ་ཁབ་ཆེན་པོའི་རྩལ་སྟོན་སའི་གར་སྟེགས་མིན་ལ། ཆ་འཕྲིན་བརྒྱུད་སྤྲོད་དང་སྟོབས་ཤུགས་ངོམ་སའི་ས་གནས་ཤིག་ཀྱང་མིན། དབྱི་རག་སྲིད་གཞུང་གིས་རྩ་ཁྲིམས་ཀྱི་འགན་འཁྲི་ཏན་ཏིག་ངང་ཁུར་ནས། རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་དང་། བདེ་འཇགས་དམག་དཔུང་དང་དེ་བཞིན་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།
ཉིན་དེའི་སྔ་དྲོར་དབྱི་རག་སྲིད་གཞུང་གི་མགྲིན་ཚབ་པ་པཱ་ཞི་མུའུ་·ཨ་ཝ་ཏེ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁས་དམག་དཔུང་གིས་དབྱི་རག་ནུབ་རྒྱུད་ཀྱི་ཨ་ཁ་ཧྲ་ཐི་དང་ཅཱ་ཡུས་མུའུ་ས་ཁུལ་དུ་ཡོད་པའི་དབྱི་རག་གི་བདེ་འཇགས་དམག་དཔུང་གི་དམག་དོན་སྒྲིག་ཆས་མང་བོ་དང་དེ་བཞིན་དེའི་ཉེ་འགྲམ་གྱི་སྡོད་དམངས་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས་ནས། མི་སེར་དང་བཅས་པའི་མི16རྐྱེན་ལམ་དུ་ཤོར་བ་དང་། མི25རྨས་ཡོད་ཟེར།
ཉིན་དེར་དབྱི་རག་སྲིད་གཞུང་གིས་ད་ཐེངས་ཀྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣར་དུས་ཡུན་ཉིན་གསུམ་གྱི་རིང་མྱ་ངན་ཞུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།