ཨུ་རུ་སིས་ཨ་མེ་རི་ཁས་དབྱི་རག་དང་སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།
2024.02.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས3ཉིན་བཤད་རྒྱུར། ཨ་མེ་རི་ཁས་དབྱི་རག་དང་སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་དེ་ནི། དབུས་ཤར་སྲིད་ཇུས་ཀྱི་བཙན་འཛུལ་ངོ་བོ་ཡང་བསྐྱར་མངོན་པར་བྱས་པ་ཞིག་རེད་ཟེར། ཨུ་རུ་སི་ཕྱོགས་ཀྱིས་ཨ་མེ་རི་ཁས་བདག་དབང་རྒྱལ་ཁབ་ལ་བཙན་འཛུལ་གྱི་བྱ་སྤྱོད་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཀྲ་ཧ་ལོ་ཝ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁའི་དམག་གིས་དབྱི་རག་དང་སི་རི་ཡའི་མངའ་ཁོངས་ལ་བར་སྣང་འཇབ་རྒོལ་བྱས་པ་དེས། དམིགས་འབེན་བཅུ་ཕྲག་འགར་གཏོར་སྐྱོན་བཏང་བ་དང་མང་ཚོགས་ལ་ཤི་རྨས་བཟོས་པས། འཛམ་གླིང་ཧྲིལ་བོར་ཨ་མེ་རི་ཁའི་དབུས་ཤར་སྲིད་ཇུས་ཀྱི་བཙན་འཛུལ་ངོ་བོ་དང་དེས་རྒྱལ་སྤྱིའི་བཅའ་ཁྲིམས་སྣང་མེད་དུ་བཞག་པ་ཡང་བསྐྱར་མངོན་པར་བྱས་ཡོད་ཟེར།

མོས་བཤད་རྒྱུར། ཟླ2པའི་ཚེས2ཉིན་ཨ་མེ་རི་ཁའི་དམག་གིས་དམག་འཐབ་གནམ་གྲུ་དང་མི་མེད་གནམ་གྲུ་བཀོལ་ནས། སི་རི་ཡ་དང་དབྱི་རག་ནང་ཁུལ་གྱི་དབྱི་ལང་གིས་རྒྱབ་སྐྱོར་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱི་བཀོད་འདོམས་པུའུ་དང་། དྲག་ཆས་མཛོད་ཁང་། སྒྲིག་ཆས་གཞན་པ་སོགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།  ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་ཅོར་ཏན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་གསུམ་མི་མེད་གནམ་གྲུའི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བར་འཁོན་ལན་སློག་པ་ཡིན་ཟེར།

ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཟླ་དང་པོའི་ཚེས་ཉེར་བདུན་ཉིན། ཅོར་ཏན་ཤར་བྱང་ཕྱོགས་ཀྱི་སི་རི་ཡའི་འདབས་འབྲེལ་ས་ཁུལ་གྱི་ཨ་མེ་རི་ཁའི་རྟེན་གཞིར་མི་མེད་གནམ་གྲུས་འཇབ་རྒོལ་བྱས་ཏེ། ཨ་མེ་རི་ཁའི་དམག་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུ་ལ་རྨས་ཕོག   ཨ་མེ་རི་ཁས་དེ་ནི་དབྱི་རག་ནང་ཁུལ་དང་དབྱི་ལིང་གིས་རྒྱབ་སྐྱོར་བྱེད་པའི་དབྱི་རག་དབྱི་སི་ལན་འགོག་རྒོལ་ལས་འགུལ་གྱི་ཁོངས་སུ་གཏོགས་པའི་དྲག་ཆས་རྩ་འཛུགས་ཀྱིས་སྤེལ་བར་ངོས་འཛིན་བྱེད་ཀྱིན་ཡོད་ལ། མི་མེད་གནམ་གྲུའི་མ་ལག་དབྱི་ལིང་གིས་བཟོས་པ་རེད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།