ཨ་མེ་རི་ཁ་དང་དབྱིན་ཇིས་ཡེ་མིན་གྱི་རྒྱལ་ས་སཱ་ན་སོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས།
2024.02.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མ་ཞི་ལ་བརྙན་འཕྲིན་ཁང་གིས་ཚེས3ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིས་ཉིན་དེའི་དགོང་མོར་ཡེ་མིན་གྱི་རྒྱལ་ས་སཱ་ན་དང་ཞིང་ཆེན་གཞན་པའི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས།

བསྒྲགས་པ་ལྟར་ན། སཱ་ནའི་ལྷོ་ཕྱོགས་ཀྱི་དམིགས་འབེན་གཉིས་ལ་བར་སྣང་འཇབ་རྒོལ་བྱས་པ་ལས་འགས་གཏོར་ཚབས་ཆེན་བྱུང་ཟེར། ས་དེའི་སྡོད་དམངས་ཀྱིས་ཉིན་དེའི་དགོང་མོར་དམག་འཐབ་གནམ་གྲུ་མང་པོ་སཱ་ནའི་བར་སྣང་ནས་འཕུར་སྐྱོད་བྱེད་པ་མཐོང་ཡོད། དེ་ལས་གཞན། ཉིན་དེར་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ཀྲ་མ་ཨར་དང་པེ་ཏ། མཚོ་དམར་གྲོང་ཁྱེར་ཧི་ཐེ་ཏ་སོགས་ས་ཁུལ་དུ་ཡང་བར་སྣང་འཇབ་རྒོལ་ཐེབས་ཟེར།

ཨ་མེ་རི་ཁའི་སྨན་བྱད་མང་པོས་ཚེས3ཉིན་མིང་བཤད་མི་འདོད་པའི་ཨ་མེ་རི་ཁའི་དཔོན་དམག་ཞིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱིན་ཇིས་ཉིན་དེར་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་ཚོད་འཛིན་བྱེད་པའི་ས་གནས་བཅུ་ལྷག་དང་དམིགས་འབེན་སུམ་ཅུ་ལྷག་ལ་རྡུང་རྡེག་བཏང་བ་རེད་ཟེར། དམིགས་འབེན་དེ་དག་གི་ཁྲོད་དུ་བཀོད་འདོམས་ཚོད་འཛིན་ལྟེ་གནས་དང་། ས་འོག་དྲག་ཆས་མཛོད་ཁང་། དབྱི་ལིང་གིས་རྒྱབ་སྐྱོར་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་ཚོང་ཟོང་གྲུ་གཟིངས་ལ་རྒོལ་བར་བཀོལ་བའི་དྲག་ཆས་སོགས་འདུས་ཡོད།

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་ཚེས་གསུམ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁའི་དམག་གིས་ཉིན་དེར་ཧུའུ་སེ་དྲག་ཆས་པས་གཏོང་འཕེན་བྱས་པའི་འཕུར་མདེལ་དྲུག་བཀག་པ་དང་། གཞན་ཨ་མེ་རི་ཁའི་དམག་གིས་ཚེས་གཉིས་ཉིན་ཧུའུ་སེ་དྲག་ཆས་པའི་མི་མེད་གནམ་གྲུ་མང་བོ་མེད་པར་བཏང་ཟེར།

                                                                                                རིག་འཛིན་སྒྲོལ་མས་བསྒྱུར།