སེ་ནེ་ཀལ་གྱི་ཙུང་ཐུང་གིས2024ལོའི་ཙུང་ཐུང་འདེམ་བསྐོ་ཕྱི་སྣུར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2024.02.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལི་ཡིས་ཚེས3ཉིན་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་ཁྲོད་ད་ལོའི་ཟླ2པའི་ཚེས25ཉིན་གྱི་ཙུང་ཐུང་འདེམ་བསྐོ་ཕྱི་སྣུར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

སཱ་ལི་ཡིས་གཏམ་བཤད་ཁྲོད་བཤད་རྒྱུར། འདེམ་བསྐོའི་འབྲེལ་ཡོད་བྱ་བར་འགན་ཁུར་བའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁྲིམས་དཔོན་རུལ་སུངས་གྱོད་དོན་འབྲེལ་བ་ཡོད་ལ། གཞན་ཙུང་ཐུང་གི་འདེམ་སྒུག་པ་གཅིག་གི་ཐོབ་ཐང་ལ་གནད་དོན་ཡོད་པས། གནས་ཚུལ་འདི་དག་གིས་འདེམ་བསྐོའི་སྔ་རྗེས་སུ་གཏུག་བཤེར་གནད་དོན་འབྱུང་སྲིད་ལ། འདེམ་བསྐོའི་ཡིད་རྟོན་ཚད་གཞིར་གནོད་པ་ཚབས་ཆེན་ཐེབས་ངེས་རེད་ཟེར།

སཱ་ལི་ཡིས་འདེམ་བསྐོའི་ཕྱི་སྣུར་གྱི་གཏན་ཁེལ་དུས་ཚོད་གསལ་བོར་བསྒྲགས་མེད། ཁོས་ཐེངས་རྗེས་མའི་ཙུང་ཐུང་འདེམ་བསྐོ་ལ་མི་ཞུགས་པ་བསྐྱར་སྒྲོག་བྱས།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་སེ་ནེ་ཀལ་གྱིས་དེ་སྔོན་ཟླ2ཚེས25ཉིན་ཙུང་ཐུང་འདེམ་བསྐོ་བྱ་རྒྱུ་གཏན་ཁེལ་བྱས་ཡོད་ལ། བསྡོམས་པས་འདེམ་སྒུག་པ་ཉི་ཤུ་ཡོད།

སེ་ནེ་ཀལ་གྱི་ཙུང་ཐུང་འགན་ཡུན་དེ་སྔོན་ཆད་ལོ་བདུན་ཡིན་ལ། བསྟུད་འགན་ཐེངས་གཅིག་ཁུར་ཆོག  2016ལོའི་ཟླ3པའི་སེ་ནེ་ཀལ་གྱི་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལྟར། 2019ལོའི་འདེམ་བསྐོ་ལས་ཙུང་ཐུང་གི་འགན་ཡུན་དེ་ལོ་བདུན་ནས་ལོ་ལྔ་རུ་བསྒྱུར་བ་རེད། སཱ་ལི 2012ལོ་དང 2019ལོའི་འདེམ་བསྐོའི་ཁྲོད་གདམ་ཐོན་བྱུང་ནས་ཐེངས་གཉིས་ལ་ཙུང་ཐུང་ལ་བདམས་པ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།