ཨ་མེ་རི་ཁའི་དམངས་ཁྲོད་རྩ་འཛུགས་ཀྱིས་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐའ་མཚམས་ས་ཁུལ་དུ་གནས་སྤོར་སྡོད་དམངས་དག་རང་གི་མངའ་ཁོངས་སུ་ཡོང་བར་ངོ་རྒོལ་བྱས།
2024.02.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཉེ་སྔོན་ཨ་མེ་རི་ཁའི་ང་ཚོའི་མཐའ་མཚམས་ཕྱིར་འཕྲོག་ལེན་བྱེད་དགོས་ཞེས་པའི་དམངས་ཁྲོད་རྩ་འཛུགས་ཀྱིས་ཏི་ཁི་སཱ་སི་མངའ་སྡེ་དང་ཡཱ་ལེ་སིང་ནཱ་མངའ་སྡེ། ཅཱ་ལི་ཧྥུའུ་ཉི་ཡཱ་མངའ་སྡེ་བཅས་ཀྱི་མའོ་ཞི་ཁོ་དང་ཉེ་བའི་ས་ཁུལ་མང་བོ་ནས་ངོ་རྒོལ་བྱ་འགུལ་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གིས་མཐའ་མཚམས་བཀག་སྡོམ་བྱེད་པ་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཚང་མ་མཐར་སྐྲོད་གཏོང་དགོས་པའི་རེ་བ་བཏོན། ཨ་མེ་རི་ཁའི་སྒོ་གཅན་དང་མཐའ་མཚམས་སྲུང་སྐྱོབ་ཅུའུ་ཡི་དཔོན་རིགས་ཤིག་གིས་བཤད་རྒྱུར། ངོ་རྒོལ་བྱ་འགུལ་ཐག་གཅོད་བྱེད་ཆེད་མཐའ་མཚམས་ཀྱི་སྐོར་གཡེང་རུ་ཁག་གིས་ངོ་རྒོལ་བྱེད་སའི་ཉེ་འདབས་ཀྱི་གནས་སྤོར་སྡོད་དམངས་དག་ས་ཁུལ་གཞན་དུ་བསྐྱལ་ཡོད་ཟེར། ཨ་མེ་རི་ཁའི་རྒྱལ་ནང་གི་དམངས་ཀྱི་འདོད་བློའི་རྟོག་ཞིབ་མཇུག་འབྲས་ཤིག་ལས་མངོན་པ་ལྟར་ན། གནས་སྤོར་སྡོད་དམངས་གནད་དོན་ནི་མིག་སྔའི་ཨ་མེ་རི་ཁའི་འདེམ་དམངས་ཀྱིས་ཆེས་སེམས་ཁུར་བྱེད་པའི་གྲོས་གཞི་གལ་ཆེན་ཞིག་ཡིན་པ་རེད། ཉེ་བའི་ལོ་འགའི་རིང་ལ། གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐད་ནས་སྤྱི་མཐུན་ཏང་གིས་སྲིད་འཛིན་པའི་ཏི་ཁི་སཱ་སི་མངའ་སྡེ་དང་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་བར་དང་། དམངས་གཙོ་དང་སྤྱི་མཐུན་ཏང་ཁག་གཉིས་བར་གྱི་འགལ་བ་ཚབས་ཆེན་དུ་འགྱུར་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།