ཕཱ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་དབུས་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་སོ་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་དགོང་མོར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་གྲོང་ཁྱེར་གྱི་སྡོད་ཁང་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུན་ནེ་སི་གྲོང་ཁྱེར་དུ་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།
གཞན་ཡང་གནས་ཚུལ་ཤེས་མཁན་གྱིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་ནས་རླངས་འཁོར་ཞིག་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། རྨས་མང་བོ་སྨན་ཁང་དུ་བསྐྱལ་ཡོད་ཟེར།
ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཞི་ཉིན་སྤེལ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་བསྡོམས་པས་མི་བརྒྱ་དང་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་དོན་བརྒྱད་ལ་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།