ཀྲི་ལིའི་ནགས་ཚལ་མེ་སྐྱོན་ལས་མི་གོ་དགུ་རྐྱེན་ལམ་དུ་ཤོར།
2024.02.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཀྲི་ལིའི་ཁྲིམས་འཛིན་དང་འགྲོ་མིའི་ཐོབ་ཐང་པུའུ་ཡི་ཁོངས་སུ་གཏོགས་པའི་བཅའ་ཁྲིམས་སྨན་བཅོས་ཞབས་ཞུའི་ལས་ཁུངས་ཀྱིས་ཚེས་བཞི་ཉིན་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཝ་ཨར་ཕཱ་ལའེ་སོ་ས་ཁུལ་ཆེན་མོར་ཉེ་སྔོན་བྱུང་བའི་ནགས་ཚལ་མེ་སྐྱོན་ལས་མི་གོ་དགུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི་སོ་གཉིས་ཀྱི་ཐོབ་ཐང་ངོས་འཛིན་བྱས་ཡོད་ཟེར།

པའོ་ལི་ཆི་ཉིན་དེར་གནོད་ཐེབས་ས་ཁུལ་དུ་སོང་ནས་གནོད་འཚེའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཝ་ཨར་ཕཱ་ལའེ་སོ་ས་ཁུལ་ཆེན་མོའི་ས་ཁུལ་མང་བོར་ད་རུང་མེ་འབར་བཞིན་ཡོད་པ་དང་། ས་ཁུལ་སྐོར་ཞིག་གི་མེ་ཤུགས་ཇེ་སྙོམས་སུ་སོང་བ་དང་བསྟུད་ནས། རྒུད་སྐྱོབ་མི་སྣས་སྔར་ལས་ཡང་དག་པའི་སྒོ་ནས་གནོད་འཚེ་ཐེབས་པའི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་ཡོད་ལ། འདས་པོའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། མེ་སྐྱོན་དེ་ནི་ཀྲི་ལི་རུ་ཉིས་སྟོང་བཅུ་ལོར་ཚད་རིམ་བརྒྱད་དང་གྲངས་ཆུང་བརྒྱད་ཀྱི་ས་ཡོམ་ཆེན་མོ་བྱུང་བའི་ཚུན་གྱི་ཆེས་ཚབས་ཆེ་བའི་གནོད་འཚེ་ཞིག་ཡིན་པས། ཀྲི་ལི་ཡིས་མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་དུས་ཡུན་ཉིན་གཉིས་རིང་རྒྱལ་ཡོངས་ནས་མྱ་ངན་ཞུ་རྒྱུ་ཡིན་ཟེར།

ཝ་ཨར་ཕཱ་ལའེ་སོ་ས་ཁུལ་ཆེན་མོའི་མགོ་བ་མིན་ཏཱ་ཁཱ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཐེངས་འདིའི་མེ་སྐྱོན་ཁྲོད་ས་ཁུལ་མང་བོར་དུས་མཉམ་དུ་མེ་འབར་བཞིན་ཡོད་པས། བསམ་བཞིན་དུ་མེར་བཏང་བ་ཡིན་ཡང་སྲིད་ཟེར།

ཀྲི་ལིའི་སྨྱན་བྱད་ཀྱིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ཝ་ཨར་ཕཱ་ལའེ་སོ་ས་ཁུལ་ཆེན་མོའི་ནགས་ཚལ་མེ་སྐྱོན་དེ་ཚེས་གཉིས་ཉིན་གྱི་དགོང་མོ་ནས་བཟུང་མཁར་གྲོང་ས་ཁུལ་སྐོར་ཞིག་ལ་མཆེད་པ་ཡིན་ལ། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་ན་མེ་ཤུགས་མཆེད་པའི་མྱུར་ཚད་ཧ་ཅང་མགྱོགས་པས་མི་མི་ཉུང་བ་ཞིག་འབྲོ་ཐུབ་མེད་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བླངས་པའི་བརྙན་རིས་ལས་མངོན་པ་ལྟར་ན། གནོད་ཐེབས་ས་ཁུལ་གྱི་མཁར་གྲོང་སྐོར་ཞིག་ཏུ་ཁང་བ་དང་རླངས་འཁོར་མང་བོ་མེར་འཚིག་ཡོད་པ་དང་། སྡོང་བོ་དང་རྩི་ཤིང་མེར་འཚིག་ནས་ནག་པོར་གྱུར་ཡོད་ལ། བར་སྣང་དུ་དུད་ནག་འཕྱུར་བཞིན་ཡོད་པ་རེད།

ཀྲི་ལིའི་དབུས་ཕྱོགས་ས་ཁུལ་དུ་ཚ་རླབས་འཕྱུར་བཞིན་ཡོད་པ་དང་། ས་ཁུལ་སྐོར་ཞིག་གི་དྲོད་ཚད་ཏུའུ་ཀྲང་བཞི་བཅུར་བསླེབས་ཡོད་ཅིང་། དྲོད་ཚད་མཐོ་བ་དང་ཐན་པ། རླུང་གི་རྒྱུ་ཕྱོགས་ལ་འགྱུར་ལྡོག་ཆེ་བ་སོགས་ལས་མེ་གསོད་པའི་བྱ་བ་སྔར་ལས་རྙོག་འཛིང་ལྡན་པར་བྱས་ཡོད། ཀྲི་ལིའི་གནོད་སྐྱོབ་སྡེ་ཁག་གི་གཞི་གྲངས་ལྟར་ན། ཝ་ཨར་ཕཱ་ལའེ་སོ་ས་ཁུལ་ཆེན་མོའི་གནོད་ཐེབས་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཅིག་ལྷག་ལས་བརྒལ་ཡོད་པར་མ་ཟད། ཁང་བ་སྟོང་གསུམ་ལྷག་ལ་གཏོར་བརླག་ཐེབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།