སཱ་ཨར་ཝ་ཏའོ་ཡི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཚེས་བཞི་ཉིན་གྱི་སྔ་དྲོར་ནས་མགོ་བརྩམས་པ་དང་། ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔའི་སྟེང་མཇུག་སྒྲིལ་བ་རེད། འདེམ་དམངས་ཀྱིས་སྐབས་གསར་བའི་ཙུང་ཐུང་དང་ཙུང་ཐུང་གཞོན་པ། དེ་མིན་རྒྱལ་དམངས་གྲོས་ཁང་གི་གྲོས་མི་དྲུག་ཅུ་བཅས་གདམ་རྒྱུ་ཡིན་པ་དང་། སྐབས་འདིའི་ཙུང་ཐུང་འདེམ་བསྐོར་བསྡོམས་པས་འདེམ་སྒུག་མི་སྣ་དྲུག་ཡོད་ལ། གཏན་འཁེལ་ལྟར་ན། བསམ་བློ་གསར་བའི་ཏང་གིས་ཚབ་བྱས་པའི་འགྲན་རྩོད་མནའ་འབྲེལ་གྱི་འདེམ་སྒུག་པ་པུའུ་ཁི་ཨར་ལ་རྒྱལ་དམངས་གྲོས་ཁང་གི་ཆོག་མཆན་ཐོབ་སྟེ། ན་ནིང་ཟླ་བཅུ་གཉིས་པ་ནས་བཟུང་ཙུང་ཐུང་གི་ལས་གནས་དང་བྲལ་ཡོད་ལ། སྐབས་གསར་བའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་རེད། དེའི་འཕྲོའི་འདེམ་སྒུག་མི་སྣ་ཧྥ་ལཱ་པིན་ཏའོ་མཱ་ཏིས་མི་རིགས་བཅིངས་འགྲོལ་འཐབ་ཕྱོགས་ཀྱི་འདེམ་སྒུག་པ་ཧྥོ་ལོ་ལོས་སི་དང་། མི་རིགས་རིང་ལུགས་སྤྱི་མཐུན་མནའ་འབྲེལ་གྱི་འདེམ་སྒུག་པ་སིང་ཆེ་སི་སོགས་འདུས།
དམངས་ཀྱི་འདོད་བློའི་རྟོག་ཞིབ་ལས་མངོན་པ་ལྟར་ན། པུའུ་ཁི་ཨར་གྱི་རྒྱབ་སྐྱོར་གྱི་ཚད་བརྒྱ་ཆའི་བདུན་ཅུ་ལས་བརྒལ་ཡོད་པ་དང་། དེའི་འཕྲོའི་འདེམ་སྒུག་མི་སྣའི་རྒྱབ་སྐྱོར་གྱི་ཚད་བརྒྱ་ཆའི་བཅུ་ལས་དམའ་བར་མངོན། སཱ་ཨར་ཝ་ཏའོ་ཡི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཙུང་ཐུང་གི་འདེམ་སྒུག་མི་སྣར་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བའི་འདེམ་ཤོག་ཐོབ་ན་ཐད་ཀར་དུ་བདམས་ཐོན་བྱས་ཆོག་པ་དང་། གལ་ཏེ་ཕྱེད་ཀ་བརྒལ་བའི་འདེམ་ཤོག་ཐོབ་མཁན་མེན་ན་འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས་པ་རེད།
དབྱེ་ཞིབ་མི་སྣས་བསྟན་དོན། པུའུ་ཁི་ཨར་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པ་ནས་བཟུང་སྲིད་བསྐྱངས་རྗེས། རྒྱལ་ནང་གི་ནག་ཕྱོགས་ཚོགས་ཁག་དང་དུག་རྫས་ལྐོག་འཚོང་སོགས་ལ་ཆམ་ཕབ་གཏོང་བའི་གནད་དོན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པས། མང་ཚོགས་ཀྱི་རྒྱབ་སྐྱོར་གྱི་ཚད་ཕལ་ཆེར་བརྒྱ་ཆའི་དྲུག་ཅུའི་ཡན་དུ་བསླེབས་སྲིད་ཟེར།
སཱ་ཨར་ཝ་ཏའོ་ཡི་ཙུང་ཐུང་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོ་ཡིན་ཞིང་། ཐད་ཀར་དུ་འདེམ་བསྐོ་བྱས་ཏེ་བདམས་པ་ཡིན་ལ། འགན་ཡུན་ལོ་ངོ་ལྔ་རེད། ཙུང་ཐུང་གསར་བས་ད་ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན་ལས་འགན་ཁུར་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།