མུའུ་པིན་པཱ་ཡིས་ཚེས་བཞི་ཉིན་ནཱ་སྨི་པུ་ཡཱའི་རྒྱལ་ས་ཝུན་ཏི་ཧི་ཁི་ནས་དམ་བཅའ་བཞག་སྟེ། རྒྱལ་ཁབ་དེ་རང་བཙན་བྱས་རྗེས་ཀྱི་ཙུང་ཐུང་བཞི་བར་གྱུར།
ནཱ་སྨི་པུ་ཡཱའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ནན་ཏིས་ཨིན་ཏའེ་ཐི་ཝ་ཡིས་ཉིན་དེར་ལས་འགན་བསྐྱུར་བ་དང་། དམ་བཅའ་བཞག་སྟེ་རྒྱལ་ཁབ་དེའི་ཙུང་ཐུང་གཞོན་པའི་འགན་ཁུར་བ་རེད།
མུའུ་པིན་པཱ་ནི་གཅིག་དགུ་ཞེ་གཅིག་ལོའི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ལྷོ་ནུབ་ཨ་ཧྥེ་རི་ཁ་ནས་སྐྱེས་པ་དང་། གཅིག་སྟོང་དགུ་བརྒྱ་རེ་བརྒྱད་ལོར་ལྷོ་ནུབ་ཨ་ཧྥེ་རི་ཁ་དེ་ནཱ་སྨི་པུ་ཡཱ་ཞེས་པར་མིང་བསྒྱུར་བ་རེད། མུའུ་པིན་པཱ་ཡིས་སྔོན་ཆད་སློབ་གསོའི་བྱ་བ་གཉེར་མྱོང་བ་དང་། ནཱ་སྨི་པུ་ཡཱའི་སྲིད་གཞུང་གི་སྡེ་ཁག་མང་བོར་པུའུ་ཀྲང་གི་ལས་འགན་ཁུར་མྱོང་། ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་བར། ནཱ་སྨི་པུ་ཡཱའི་སྲིད་འཛིན་ཏང་ལྷོ་ནུབ་ཨ་ཧྥེ་རི་ཁ་མི་དམངས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཁུར་བ་དང་། ཉིས་སྟོང་བཅོ་བརྒྱད་ལོ་ནས་ད་ལྟའི་བར་ནཱ་སྨི་པུ་ཡཱའི་ཙུང་ཐུང་གཞོན་པའི་འགན་ཁུར་བ་རེད།
ས་དེའི་ཚེས་བཞི་ཉིན་གྱི་ཞོགས་པར། ནཱ་སྨི་པུ་ཡཱའི་ཙུང་ཐུང་ཀིན་ཀི་པུའུ་ཝུན་ཏི་ཧི་ཁིའི་སྨན་ཁང་ཞིག་ནས་ཚེ་ལས་འདས་པ་དང་། ད་ལོར་ལོ་གྱ་གཉིས་རེད།
མུའུ་པིན་པཱ་ཡིས་ཉིན་དེར་ནཱ་སྨི་པུ་ཡཱའི་སྲིད་གཞུང་ནས་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། ཀིན་ཀི་པུའུ་ཡིས་སྨན་ཁང་དུ་གསོ་བཅོས་བྱེད་སྐབས་ཚེ་ལས་འདས་པ་ཡིན་ཞིང་། ནཱ་སྨི་པུ་ཡཱ་ལ་ཕུལ་དུ་བྱུང་བའི་མི་དམངས་ཀྱི་སྤྱི་ཞབས་པ་ཞིག་དང་། མི་དམངས་ཀྱི་མགོ་ཁྲིད་ནས་བཅིངས་འགྲོལ་འཐབ་རྩོད་བྱེད་པའི་གཙོ་འཛིན་ཞིག་མེད་པར་གྱུར་བ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།